འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དྲོད་རླངས་མཁོ་འདོན་ལས་གྲྭ་ལས། སློབ་མའི་ལུས་སེམས་དྲོ་བར་བྱས།

—— བོད་ཀྱིས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་དྲོད་རླངས་མཁོ་འདོན་ཁྱོན་ཡོངས་ལ་ཁྱབ་པའི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་པའི་སྐོར།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་20ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཧྲང་ཚའེ་དང་ཀོན་མིང་ཧུའེ།
     ས་གཞི་ཆེ་མོར་དཔྱིད་ཀྱི་དྲོད་རླངས་ལྡང་ཡང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་པའི་བོད་ལྗོངས་མངའ་རིས་ས་ཁུལ་དུ་སྔར་བཞིན་ཁ་བ་བུ་ཡུག་འཚུབ་པ་དང་གྲང་ངར་ཤིན་ཏུ་ཆེ། ས་མཐོའི་ཉི་འོད་དགེ་རྒྱས་རྫོང་ཆ་ཚང་སློབ་ཆུང་གི་ལུས་རྩལ་ཐང་དུ་འཕྲོ་སྐབས། སློབ་གྲྭ་དེའི་སློབ་མ་800ལྷག་ཙམ་སློབ་ཚན་གཉིས་གྲོལ་བ་དང་། དགེ་རྒན་ཚོའི་སྣེ་ཁྲིད་འོག་ལུས་རྩལ་ཐང་དུ་སློབ་གསེང་ལུས་སྦྱོང་ལ་བསྐྱོད།
     ཕན་ཚུན་དེད་རེས་བྱེད་པ་དང་། འཕག་འཚག་རྒྱག་པ། རྩེད་འཇོར་རོལ་བ་སོགས་སློབ་གསེང་དུས་ཚོད་ཐུང་ཡང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོའི་ཆོས་མགོན་དང་སློབ་ཕྲུག་ཚོས་སློབ་ཚན་འཚོག་པའི་དྲིལ་བརྡ་མ་བཏང་གོང་ནས་སློབ་ཁང་དུ་ལོག་པ་དང་། སྐབས་དེ་དུས་སློབ་ཁང་དྲོ་སོབ་སོབ་ཏུ་གྱུར།
     “དེ་སྔ་སློབ་ཁང་ནང་ཧ་ཅང་གྲང་མོ་ཡོད་སྟབས་ཞོགས་པ་སྲིང་བལ་སྟོད་གོས་གྱོན་དགོས་ཀྱི་ཡོད། ད་ཆ་དྲོད་རླངས་བཏང་བས་སྲིང་བལ་གྱོན་ཆས་གྱོན་དགོས་ཀྱི་མི་འདུག”ཅེས་ཆོས་མགོན་གྱིས་བཤད།
     དགེ་རྒྱས་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་བྱམས་པ་ཆོས་སྒྲོན་གྱིས་གསར་འགོད་པར་ད་ཆ་སློབ་གྲྭར་ལོ་རིམ་6དང་འཛིན་གྲྭ་21ཡོད་པ་དང་ཞག་སྡོད་སློབ་མ་500ལྷག་ཙམ་ཡོད། ལོ་4ཡི་གོང་སློབ་གྲྭར་རྫོང་གྲོང་གི་གཅིག་སྡུད་དྲོད་རླངས་མཁོ་འདོན་མདོང་དྲ་ཤར་གཏོང་ཐུབ་ནས་དགུན་དཔྱིད་གཉིས་སུ་ཁང་པའི་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་24ཟིན་གྱི་ཡོད། “དེ་སྔ་སློབ་གྲྭས་ཉི་ནུས་སློབ་ཁང་དང་ཉལ་ཁང་བསྐྲུན་པ་དང་ཉིན་མོ་ཁང་པའི་ནང་དྲོ་པོ་ཡོད་རུང་། མཚན་མོ་ཧ་ཅང་གྲང་མོ་ཡོད་རྐྱེན་དགུན་ཁའི་གུང་གསེང་སྔ་ཙམ་གཞོག་གི་ཡོད། དྲོད་རླངས་བཏང་བ་ནས་བཟུང་སློབ་ཁྲིད་ཀྱི་དུས་ཚོད་དང་སློབ་ཁྲིད་ཀྱི་སྤུས་ཚད་ཚང་མ་འགན་ལེན་ཡག་པོ་བྱུང་སོང”ཞེས་བཤད།
     གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་30.85བཏང་ནས་སློབ་གྲྭའི་དྲོད་རླངས་མཁོ་འདོན་ཁྱོན་ཡོངས་ལ་ཁྱབ་པའི་འདུ་འགོད་ལག་བསྟར་བྱས་པ་རེད། དེ་དང་ཆབས་ཅིག་ས་བབ་མཐོ་བའི་སློབ་གྲྭ་1699ལ་ནུས་རྒྱུ་གཙང་མ་དང་ཕན་འབྲས་ཆེ་བའི་དྲོད་རླངས་མཁོ་འདོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་སློབ་གྲྭར་ཡོད་པའི་སློབ་མ་ཁྲི་27ལ་ཁྱབ་ཡོད་པ་རེད། མིག་སྔའི་བར་བོད་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཚང་མར་དྲོད་རླངས་མཁོ་འདོན་ཐུབ་ཡོད་པ་རེད།
     ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཡོད་པའི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་བྱ་ཁྱུང་གྲོང་རྡལ་སློབ་ཆུང་དུ་སྐྱོད་སྐབས་ཤེལ་ཁང་ནང་གི་མེ་ཏོག་དང་རྩི་ཤིང་ཡལ་ག་རྒྱས་ཤིང་། “ད་ཆ་ཕྱི་རོལ་དུ་གྲང་ངར་ཇི་ཙམ་ཆེ་ཡང་ང་ཚོ་ཚང་མས་གྱོན་གོས་སྲབ་པོ་གྱོན་ནས་དྲོད་ཁང་ནང་སློབ་སྦྱོང་བྱེད་པ་དང་བྱེད་སྒོ་སྤེལ་ཆོག དྲོད་ཁང་ནང་གི་མེ་ཏོག་དང་རྩི་ཤིང་གིས་སློབ་གྲྭར་བཀྲག་མདངས་བསྣན་ཡོད”ཅེས་སློབ་མ་ཚེ་དབང་ལྷ་མོས་བཤད།
     2016ལོར་བྱ་ཁྱུང་གྲོང་རྡལ་གྱི་སློབ་ཆུང་དུ་དྲོད་ཁང་བར་ཁྱམས་བསྐྲུན་ནས“དཔེ་དེབ་ཀྱི་དྲི་ཞིམ་འཐུལ་བའི་དྲོད་ལྡན་བར་ཁྱམས”དང“སེམས་སྐྱིད་དྲོད་ལྡན་བར་ཁྱམས”གཉིས་སུ་ཕྱེ་ཡོད། “དཔེ་དེབ་ཀྱི་དྲི་ཞིམ་འཐུལ་བའི་དྲོད་ལྡན་བར་ཁྱམས”ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་880ཡོད་པ་དང་། སློབ་ཁང་དང་། གཞུང་ལས་ཁང་། ལུས་རྩལ་ཡོ་བྱད་ཁང་། ཡིག་གཟུགས་ཁང་། གློག་རྡུལ་སློབ་ཁང་སོགས་ཡོད། “སེམས་སྐྱིད་དྲོད་ལྡན་བར་ཁྱམས”ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་1020ཡོད་ཅིང་། དེའི་ནང་ཉལ་ཁང་དང་། གཟུགས་འཁྲུ་ཁང་། གོས་འཁྲུ་ཁང་། སྐྲ་བཞར་ཁང་། སྨན་ཁང་སོགས་ཚུད་ཡོད།
     ནག་ཆུ་གྲོང་ཁྱེར་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་པ་དང་གྲང་ངར་ཆེ་ཤོས་སུ་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30སླེབས་ཀྱི་ཡོད། 2011ལོར་ནག་ཆུ་གྲོང་ཁྱེར་ཤེལ་སྒོའི་དྲོད་ལྡན་བར་ཁྱམས་རྣམ་གྲངས་ལག་ལེན་བསྟར་འགོ་བཙུགས་པ་དང་། མིག་སྔར་སློབ་གྲྭ་117ལ་ལག་བསྟར་བྱས་པར་རྒྱ་ཁྱོན་སྨི་ངོས་གྲུ་54261ཟིན་ཡོད་པ་རེད། ནག་ཆུ་གྲོང་ཁྱེར་གྱིས་སློབ་གྲྭ་139ལ་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱས་པ་དང་། དྲོད་རླངས་མཁོ་འདོན་བྱས་པའི་སློབ་གྲྭའི་ཁང་པ་སྨི་གྲུ་བཞི་མ་ཁྲི་84.85ཙམ་ལ་ཁྱབ་ནས་སློབ་མ་ཁྲི་8.37ལ་ཕན་པ་ཐོབ་ཡོད་པ་རེད།
     “སྔོན་ཆད་དགུན་ཁ་ཤར་སྐབས་ཕྲུ་གུ་ཚོས་གྱོན་གོས་མཐུག་པོ་གྱོན་ནས་སློབ་ཚན་འཚོག་དགོས་ཀྱི་ཡོད་ཅིང་། གནམ་གཤིས་གྲང་ལ་ས་གཞི་འཁྱགས་པས་གཏུམ་ནས་ཕྱི་རོལ་དུ་བྱེད་སྒོ་སྤེལ་ཐབས་བྲལ། ད་ཆ་དྲོད་ཁྱམས་བསྐྲུན་ནས་ཕྲུ་གུ་ཚོར་དྲོ་སྐྱིད་སྦྱིན་ཡོད”ཅེས་བྱ་ཁྱུང་གྲོང་རྡལ་སློབ་ཆུང་གི་སློབ་སྤྱི་པད་མ་དབང་མོས་བཤད།