འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

——ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་སྒྲུབ་བྱེད་མཁན་བཅས་ཡག་པོ་ཞིག་བྱས་ནས་འགོ་འཛུགས་ས་གསར་པའི་ཐོག་ལས་དོན་ཁག་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་19ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སྐབས་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་གྱི་ལས་བགོས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་གསར་དུ་བཟོ་བཅོས་བརྒྱབ་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་སྒྲིག་སྲོལ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ལི་ཆང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་ལས་དོན་སྒྲུབ་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ལི་ཆང་གིས་བསྟན་དོན། སྐབས་འདིའི་སྲིད་གཞུང་གི་འགན་ཡུན་ལོ་ལྔ་ནི། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བའི་འགག་རྩའི་དུས་སྐབས་ཤིག་རེད། སྐབས་འདིའི་སྲིད་གཞུང་གི་ལས་དོན་ནི། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ཏེ། ང་ཚོའི་བློ་མཐུན་ཚང་མས་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་སྒྲུབ་བྱེད་མཁན་བཅས་ཡག་པོ་ཞིག་བྱེད་དགོས། ལག་བསྟར་བྱེད་མཁན་གྱིས་ཏང་ཀྲུང་དབྱང་གི་འཐབ་ཇུས་དགོངས་པར་ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་གོ་བ་བླངས་ཏེ་ཏང་ཀྲུང་དབྱང་གི་བླང་བྱ་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་དགོས་ལ། དེ་དང་ཆབས་ཅིག གསར་གཏོད་རང་བཞིན་གྱི་ལག་བསྟར་ནུས་པ་ཆེ་རུ་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། བྱ་སྤྱོད་སྤེལ་མཁན་གྱིས་བྱ་སྤྱོད་ལ་བརྟེན་ནས་སྐད་ཆ་ཤོད་པ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུ་བ་དང་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར། ངེས་པར་དུ་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ་དང་མགྱོགས་མྱུར་ནུས་ལྡན་བཅས་བྱས་ནས་ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བ་དང་གང་གསུང་དེ་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། དངོས་སྒྲུབ་བྱེད་མཁན་གྱིས་དངོས་འཛིན་དངོས་སྒྲུབ་དང་དཀའ་སྤྱད་ལས་སྒྲུབ་བྱེད་དགོས་ལ། ལས་དོན་སྒྲུབ་མཁས་པ་དང་བྱ་བ་ཡག་པོ་བསྒྲུབས་ནས་ལོ་རྒྱུས་དང་། ལག་ལེན། མི་དམངས་བཅས་ཀྱི་ཞིབ་བཤེར་གྱི་ཉམས་སད་ཐེག་ཐུབ་པའི་བྱས་རྗེས་ཧུར་ཐག་གཏོད་དགོས།
     ལི་ཆང་གིས་བསྟན་དོན། ཏང་ཀྲུང་དབྱང་གི་འདི་ལོའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། གཙོ་གནད་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགོ་འཛུགས་ས་གསར་པའི་ཐོག་ལས་དོན་ཁག་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་དགོས། ལས་འགན་ཨང་དང་པོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟངས་འཛིན་ནན་པོ་བྱེད་པ་དང་། བརྟན་པོ་གཙོར་བཟུང་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས། ཚན་རིག་དང་མཐུན་ལ་གནད་སྨིན་ངང་གཞི་ཆེའི་སྲིད་ཇུས་ལག་བསྟར། ཕྱོགས་བསྡུས་ཇུས་བསྟར་ལ་བརྟེན་ནས་ནང་མཁོའི་མི་མངོན་པའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ཧྲིལ་པོ་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་དེ་དངོས་ཚན་དཔལ་འབྱོར་ཐོག་འཇོག་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་མགྱོགས་སུ་གཏོང་དགོས། སྒྱུར་བཅོས་སྒོ་དབྱེ་སྔར་བས་ཟབ་ཏུ་གཏོང་བ་དང་། རེས་སྐོར་གསར་པའི་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ཇུས་འགོད་དང་ལག་བསྟར་བྱེད་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་དངུལ་གྱི་གཞི་གདན་བརྟན་པོ་ཡོང་བ་བྱེད་དགོས། ཉེན་ཁ་ཚབས་ཆེན་འགོག་སེལ་ནུས་ལྡན་བྱས་ནས་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོར་སྲུང་དགོས། ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་ལ་བདེ་འཇགས་ངང་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་བཏང་སྟེ་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཕྱོགས་ཁག་གི་ལས་དོན་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།