འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་དང་སྔོན་འགོག་ནན་པོ་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་18ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། བོད་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས“རྒྱུན་གཅོད་པ”དང“མཚམས་གཅོད་པ”སོགས་ཀྱི་ཆེད་དོན་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཁྲིམས་ལྟར་མྱུལ་ཞིབ་དང་རྡུང་རྡེག་བཏང་ནས་མང་ཚོགས་ལ་རྒྱུ་ནོར་གྱི་གྱོང་གུན་མི་ཕོག་པར་བྱས་ཤིང་། 2022ལོར་བོད་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་543རྩད་ཆོད་པ་དེ་དུས་མཚུངས་ལས་42%འཕར་བ་དང་། ཉེས་གསོག་དོགས་ཅན་496བཟུང་བ་དེ་དུས་མཚུངས་ལས་68%འཕར་བ། མགོ་སྐོར་ཐེབས་པའི་མང་ཚོགས་ལ་བདག་དབང་ཁ་གསལ་ཡོད་པའི་ཁ་བསླུས་ཤོར་བའི་དངུལ་སྒོར་ཁྲི་3587ཕྱིར་བསློགས་པ་དེ་དུས་མཚུངས་ལས་24%འཕར་བ་དང་། བོད་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཐོན་ཚད་དང་གྱོང་གུན་ཕོག་ཚད་དུས་མཚུངས་ལས་28%དང་13%སོ་སོར་ཆག་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
      ཉེན་ཟོན་སྔོན་བརྡ་གཏོང་ཤུགས་ཆེ་རུ་བཏང་ནས་མགོ་སྐོར་མི་ཐེབས་པ་དང་གྱོང་གུན་མི་ཕོག་པར་བྱ་ཆེད། བོད་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྡུང་རྡེག་དང་སྔོན་འགོག་མཉམ་དུ་བྱེད་པ་དང་འགོག་ཟོན་སྔོན་ལ་མཐའ་འཁྱོངས་ཀྱིས་ཆུ་ཚོད་7×24རིང་གི་ལས་རེས་ལམ་ལུགས་ལག་ལེན་ནན་པོ་བསྟར་ཏེ། ཁ་བསླུས་འགོག་པའི་སྔོན་བརྡའི་ཆེད་སྤྱོད་ཨང་རྟགས་96110ལ་བརྟེན་ནས་རིགས་དབྱེ་དང་། རིམ་དབྱེ། གནད་སྨིན་བཅས་ཀྱི་ཁ་ཏ་བསླབ་བྱ་བྱས་པས། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། སྡེ་ཁུལ་བཅས་ཀྱི་མི་དམངས་ཉེན་རྟོག་པས་མགྱོཌ་མྱུར་མཉམ་འགུལ་དང་གནད་སྨིན་ནུས་ཆེའི་ཉེན་ཟོན་ཁ་ཏ་བསླབ་བྱ་བྱེད་པའི་ལམ་སྲོལ་ཞིག་ཆགས་ཡོད། གྱོད་གཞི་ཐོན་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་ཆབས་ཅིག་དངུལ་རྩའི་ལྟ་འདོམས་སོགས་སྡེ་ཚན་དང་མཉམ་དུ་མགོ་སྐོར་ཐེབས་པའི་མ་དངུལ་ཛ་དྲག་ངང་བཀག་འགོག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བས་དངུལ་སྒོར་ཁྲི་436གྱོང་གུན་མི་ཕོག་པ་བྱུང་ཡོད།