འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་ས་ཁུལ་གསུམ་གྱི་འཛད་སྤྱོད་པའི་མཐུན་ཚོགས་དང་མཉམ་འབྲེལ་གྱིས་ཞིང་ཆེན་བསྒྲལ་ནས་ཡུལ་སྐོར་འཛད་སྤྱོད་བྱས་ཚུལ་ལ་ཐུན་མོང་ཐོག་བརྟག་དཔྱད་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་18ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ནས་ཤེས་རྟོགས་བྱས་པ་ལྟར་ན། རྒྱལ་ནང་གི་ཞིང་ཆེན་བསྒྲལ་ནས་ཡུལ་སྐོར་འཛད་སྤྱོད་བྱས་ཚུལ་སྔར་བས་ཤེས་རྟོགས་དང་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་ཆེད། ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཡུན་ནན་དང་། ཧྲན་ཤིས། ཧྲན་ཏུང་བཅས་ས་ཁུལ་གསུམ་གྱི་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་དང་མཉམ་འབྲེལ་ཐོག་ཟླ་2ཚེས་24ཉིན་ནས་ཟླ་3ཚེས་2ཉིན་བར་ཞིང་ཆེན་བསྒྲལ་ནས་ཡུལ་སྐོར་འཛད་སྤྱོད་བྱས་ཚུལ་གྱི་བརྟག་དཔྱད་བྱེད་སྒོ་སྤེལ་བ་རེད།
     ད་ཐེངས་ཀྱི་བརྟག་དཔྱད་ལ་དྲ་ཐོག་ཏུ་བྱ་དགའ་ཡོད་པའི་ལན་འདེབས་བྱེད་ཐབས་སྤྱད་དེ་ཞིང་ཆེན་བཞིས་མཉམ་འགུལ་བྱས་ནས་གོ་ཆོད་པའི་འདྲི་ཤོག་ཁྱོན་ཁྲི་1.29བསྡུས་ཡོད་ཅིང་། བརྟག་དཔྱད་ཐད་འཛད་སྤྱོད་པའི་ཡུལ་སྐོར་གྱི་འདུན་པ་དང་དགའ་ཕྱོགས་དང་། ཉེ་དུས་ཡུལ་སྐོར་གྱི་མྱོང་ཚོར་དང་གདེང་འཇོག་དང་དེ་བཞིན་ཡུལ་སྐོར་གྱི་དགོས་མཁོ་དང་འཕེལ་ཕྱོགས་བཅས་ཕྱོགས་གསུམ་ལ་དམིགས་ནས་བརྟག་དཔྱད་བྱས་པས་གྲུབ་འབྲས་ཐད་གཙོ་བོ་ཁྱད་ཆོས་ཆེན་པོ་བཞི་མངོན་པ་སྟེ། གཅིག་ནི་འཛད་སྤྱོད་པར་ཡུལ་སྐོར་གྱི་འདུན་པ་ཆེན་པོ་ཡོད་ཅིང་། བརྟག་དཔྱད་ནང་ཞུགས་མཁན་འཛད་སྤྱོད་པའི་ཁྲོད་ནས་བཅུ་ཆ་བདུན་ཡན་གྱི་འཛད་སྤྱོད་པར་ཉེ་དུས་ཞིང་ཆེན་བསྒྲལ་ནས་ཡུལ་སྐོར་ལ་ཕྱིན་པའི་ཉམས་མྱོང་ཡོད་པ་མ་ཟད། སླད་ཕྱིན་ལོ་གཅིག་ནང་སླར་ཡང་ཡུལ་སྐོར་དུ་སྐྱོད་པའི་འདུན་པ་ཡོད་མཁན་གྱིས་98.9%ཟིན་གྱི་ཡོད། དེ་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་ལེགས་སྒྲིག་བྱས་པ་དང་བསྟུན་ནས་ཡུལ་སྐོར་ལས་རིགས་སླར་ཡང་འཕེལ་རྒྱས་མྱུར་པོ་འགྲོ་བར་གོ་སྐབས་གལ་ཆེན་མཁོ་འདོན་བྱས་པ་མཚོན་ཡོད། གཉིས་ནི་འཛད་སྤྱོད་པའི་སྤྱིའི་གདེང་འཇོག་ཅུང་མཐོ་པོ་ཡོད་ཅིང་། བརྟག་དཔྱད་ནང་ཞུགས་མཁན་འཛད་སྤྱོད་པ་ཡུལ་སྐོར་ཕྱིན་པར་བློ་ཡིད་ཚིམ་ཚད་སྐར་མ་84.07ཟིན་ཡོད། བཟའ་བཏུང་ཞབས་ཞུའི་གནད་དོན་མང་ཆེ་བ་ཚལ་གྱི་རིན་གོང་ཅུང་མཐོ་བ་དང་། སྤུས་ཚད་ཞན་པ། རིན་གོང་གསལ་པོ་མེད་པ་སོགས་རེད། གསུམ་ནི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་འདུ་ཤེས་ཅུང་ཟབ་མོ་ཡོད་ཅིང་། བརྟག་དཔྱད་བྱས་པ་ལས་མངོན་པར། འཛད་སྤྱོད་པ་4.3%ཙམ་གྱིས་རྙོག་དྲ་ཡོང་དོགས་ཀྱིས་ཁེ་དབང་སྲུང་སྐྱོང་བྱེད་ཀྱི་མེད། ཁེ་དབང་ལ་གནོད་འཚེ་ཕོག་པའི་གནད་དོན་ཐོན་ནས་ཁེ་དབང་སྲུང་སྐྱོང་བྱེད་སྐབས་འཛད་སྤྱོད་པ་མང་ཆེ་བས་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་སམ་ཡང་ན་12315ལས་སྟེགས་ལ་ཞུ་གཏུག་རྒྱག་སྲིད་པ་དེས་བསྡུར་ཚད་ཀྱི་52.9%ཟིན་གྱི་ཡོད། བཞི་ནི་སྤུས་ཚད་མཐོ་བའི་ཡུལ་སྐོར་དེ་འཛད་སྤྱོད་ཀྱི་འཕེལ་ཕྱོགས་གསར་པར་གྱུར་ཡོད་ཅིང་། “བརྗོད་དོན་གཙོ་བོའི་སྤྲོ་གསེང”ནི་མིག་སྔའི་ཡུལ་སྐོར་གྱི་འཕེལ་ཕྱོགས་སུ་གྱུར་པ་དང་། བརྟག་དཔྱད་བྱེད་རིང་འཛད་སྤྱོད་པ་27.9%ཡིས་བརྗོད་དོན་གཙོ་བོའི་ཡུལ་སྐོར་བྱེད་འདོད་ཡོད་པ་དང་། འཛད་སྤྱོད་པ25.1%གིས་བག་ཕེབས་ཀྱི་སྤྲོ་གསེང་ཡུལ་སྐོར་གདམ་ག་བྱེད་འདོད་ཡོད་ལ། ད་དུང་21.3%གྱིས་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ཤེས་རྟོགས་དང་ཉམས་ལེན་གཏིང་ཟབ་བྱེད་འདོད་ཡོད་པ་རེད།
     ད་ཐེངས་ཀྱི་བརྟག་དཔྱད་བྱས་འབྲས་ནས་བལྟས་ཚེ། ཡུལ་སྐོར་འཛད་སྤྱོད་ཐད་ཀྱི་འཛད་སྤྱོད་པའི་བློ་ཡིད་ཚིམ་ཚད་ཀྱི་ཆུ་ཚད་སྔར་བཞིན་མཐོ་རུ་གཏོང་བའི་བར་མཐོངས་ཡོད་པ་དང་ལྷག་པར་དུ་བཟའ་བཏུང་ཞབས་ཞུ་དང་སྤུས་ཚད་སོགས་ལ་སྔར་བཞིན་ཤུགས་སྣོན་རྒྱག་དགོས། 2023ལོ་ནི་ཞིང་ཆེན་ཡོངས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་སྐྲུན་པའི་དུས་མཚམས་གལ་ཆེན་ཞིག་ཡིན་པ་དང་། བརྟག་དཔྱད་བྱེད་རིང་གོང་ཞུ་བྱས་པའི་གནས་ཚུལ་ལ་དམིགས་ཏེ། ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་དམིགས་སར་བྱེད་པ་དང་། འཛད་སྤྱོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་གཞི་འཛུགས་སར་བྱེད་པ། ཡུལ་སྐོར་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུ་དེ་དོན་ལ་བབས་སར་བྱེད་པ། ཡུལ་སྐོར་གྱི་མི་འདང་བའི་ཆར་ལྟ་སྐུལ་དང་ཁ་གསབ་བྱེད་པ། ཡུལ་སྐོར་དོ་དམ་ལེགས་སུ་གཏོང་བའི་གྲོས་འགོ་འདོན་པ། ཡུལ་སྐོར་ཞབས་ཞུ་ལེགས་གཏོང་ལ་དཔྱད་མོལ་བྱེད་པ་བཅས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ཡུལ་སྐོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་རྒྱུ་རེད།