འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2022ལོའི་བོད་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་63.29ཟིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་18ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ཁྱད་ལྡན་རིག་གནས་ཐོན་ལས་སྐྱེད་སྲིང་གི་འདུ་འགོད་ལག་བསྟར་བྱས་པ་བརྒྱུད་རིག་གནས་ཐོན་ལས་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས་2022ལོའི་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་63.29ཟིན་ཡོད།
     ཁྱད་ལྡན་རིག་གནས་ཐོན་ལས་སྐྱེད་སྲིང་གི་འདུ་འགོད་བརྒྱུད་བོད་ཀྱིས“རིག་གནས་བོད་ལྗོངས”ཀྱི་བདེན་དཔང་ར་སྤྲོད་ཐོན་རྫས་400ལྷག་ཙམ་དྲ་ཐོག་གཉེར་སྐྱོང་གི་ལས་དོན་ལེགས་སྒྲུབ་བྱས་ནས་རིག་གནས་ཁེ་ལས་15རིག་གནས་ཕྲན་ཚེགས་ཁེ་ལས་ཀྱི་གསར་གཏོད་དང་ལས་གཏོད་ཞབས་ཞུའི་རྟེན་གཞིའི་ནང་ཞུགས་པར་སྐུལ་འདེད་བཏང་ཡོད། རིག་གནས་ཁེ་ལས་ཀྱི་གཞི་ཁྱོན་8000ལྷག་ཙམ་ཟིན་པ་དང་ལས་ཞུགས་མི་ཁྲི་7ལས་བརྒལ་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་འདུ་འགོད་མུ་མཐུད་ལག་ལེན་བསྟར་བས་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཐད་འཕེལ་རྒྱས་གསར་པ་བྱུང་ཡོད། གཙུག་ལག་ཁང་སོགས་གཙོ་གནད་དགོན་སྡེ་བཞིར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཡན་ལག་ཁང་དང་། མངོན་མིན་རིག་གནས་ཤུལ་བཞག་ཁང་། གནའ་དཔེ་ཁང་བཅས་གསུམ་བཙུགས་ཡོད། ཕོ་བྲང་པོ་ཏ་ལ་སོགས་ལ་གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར་པོ་ཏི་5700ལྷག་ཙམ་བྱས་པ་དང་བོད་ཡིག་གནའ་དཔེ་ལྡེབ་གྲངས་299ཉམས་གསོ་བྱས་ཡོད། 《བོད་རང་སྐྱོང་ལྗོངས་བྲག་ཕུག་དགོན་སྲུང་སྐྱོང་བེད་སྤྱོད་འཆར་འགོད》ཀྱི་སྒྲིག་བཟོ་ཟིན་ནས་བྲག་ཕུག་དགོན(བྲག་བཀོད་རི་མོ)277ལ་བརྟག་དཔྱད་ཐོ་འགོད་བྱས་པ་རེད། “མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི”དཔེ་སྟོན་རྟེན་གཞི་ཁག་གཉིས་པ་21གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་འཛུགས་སྐྲུན་གྱི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་151ལ་མི་6000ལྷག་ཙམ་ལས་ཞུགས་ཐུབ་པ་དང་འབབ་འཕར་སྒོར་དུང་ཕྱུར་2ལྷག་ཙམ་བྱུང་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་83དྲ་སྦྲེལ་ལས་སྟེགས་ནང་ཞུགས་ནས་རིག་གནས་ཀྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་རྣམ་པ་གསར་པ་བཏོད་ཡོད།