འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས།《དུས་རབས་གསར་པའི་ཀྲུང་གོའི་དྲ་རྒྱའི་ཁྲིམས་སྐྱོང་འཛུཌ་སྐྱོང》གི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་18ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་ཀྲུང་གོའི་དྲ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྱོང》གི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་ནས། ཀྲུང་གོའི་དྲ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་གནས་ཚུལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་དང་ཆབས་ཅིག ཀྲུང་གོའི་དྲ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཉམས་མྱོང་དང་བྱེད་ཐབས་མཉམ་སྤྱོད་བྱས་པ་རེད།
     རྒྱབ་ཤ་དཀར་པོའི་དེབ་དེ་གླེང་གཞི་དང་མཇུག་བསྡུའི་གཏམ་ཕུད་ཁྱོན་ཁག་དྲུག་ལ་དབྱེ་བ་སྟེ། དེ་དག་ནི་བློ་བརྟན་འགྱུར་མེད་ངང་ཁྲིམས་བཞིན་དྲ་རྒྱ་སྐྱོང་བའི་ལམ་བུར་སྐྱོད་པ་དང་། དྲ་རྒྱའི་བར་མཐོངས་ཀྱི་ཁྲིམས་ལུགས་རྨང་གཞི་བརྟན་དུ་གཏོང་བ། དྲ་རྒྱའི་བར་མཐོངས་ཚད་ལྡན་གོ་རིམ་ལྡན་པའི་འགན་ལེན། དྲ་རྒྱའི་བར་མཐོངས་ཀྱི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ། སྤྱི་ཚོགས་ཡོངས་ཀྱི་དྲ་རྒྱའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་དང་བྱང་ཚད་མཐོ་རུ་གཏོང་བ། དྲ་རྒྱའི་ཁྲིམས་སྐྱོང་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་རེད།
     རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་དོན། དུས་རབས་གསར་པར་སླེབས་རྗེས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག ཀྲུང་གོས་ཁྲིམས་བཞིན་དྲ་རྒྱ་སྐྱོང་བ་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་དང་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ཏེ་འཐུས་སྒོ་ཚང་བའི་དྲ་རྒྱའི་བཅའ་ཁྲིམས་ཚད་ལྡན་མ་ལག་དང་། ལས་ཕྱོད་་ཆེ་བའི་དྲ་རྒྱའི་ཁྲིམས་སྐྱོང་ལག་བསྟར་མ་ལག དམ་ནན་གྱི་དྲ་རྒྱའི་ཁྲིམས་སྐྱོང་ལྟ་སྐུལ་མ་ལག ནུས་ལྡན་གྱི་དྲ་རྒྱའི་ཁྲིམས་སྐྱོང་འགན་ལེན་མ་ལག་བཅས་ཧུར་ཐག་བསྐྲུན་པས་དྲ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་དྲ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྱོང་བྱས་པ་ལས་ཀྲུང་གོའི་དྲ་སྦྲེལ་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་པ་མ་ཟད། གོ་ལ་ཧྲིལ་པོའི་དྲ་སྦྲེལ་གྱི་བཅོས་སྐྱོང་ལའང་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཡོད།
     རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་ཀྲུང་གོས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་དང་ཁྲིམས་བཞིན་དྲ་སྐྱོང་གི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། དྲ་སྦྲེལ་ཁྲིམས་བཞིན་གོ་རིམ་ལྡན་པ་དང་སྐྱོན་བྲལ་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་གྲངས་འཛིན་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱེད་ཀྱི་ཡོད།