འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་སྲུང་པུའུ་ཡིས་ཐའེ་ཝན་ཕྱིར་ལོག་པར་བྱ་དགོས་ཟེར། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་17ཉིན། 15:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་3ཚེས་16ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་ཧྥེ་ཡིས་ཉེ་དུས་དམག་དཔུང་དང་འབྲེལ་བའི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། 
     གསར་འགོད་པ་ཞིག་གིས་དྲིས་དོན། གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་བའི་དུས་སྐབས་ཤིག་རིང་། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་མི་དང་རྒྱལ་སྲུང་པུའུ་ཡི་དཔོན་རིགས་གཅིག་རྗེས་གཉིས་མཐུད་ངང་ཐའེ་ཝན་དུ་སོང་ནས་འཁྲུག་རྐྱེན་སློང་བ་དང་། ཨ་རི་ཕྱོགས་ཀྱིས་ད་དུང་རེས་སྐོར་གསར་པའི་ཐའེ་ཝན་ལ་མཚོན་ཆ་འཚོང་རྒྱུའི་ཆོག་མཆན་སྤྲད་དེ། ཐའེ་ཝན་ལ་དམག་དོན་མཐུན་ཚོགས་ཀྱི་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས་ཐའེ་ཝན་མཚོ་འགག་གི་ཛ་དྲག་དུས་བབ་ཇེ་སྡུག་ཏུ་བཏང་ཡོད། ཐའེ་ཝན་འགོག་སྲུང་སྡེ་ཁག་གི་འགན་འཁུར་བས་ངོགས་གཉིས་ཀྱི་ཛ་དྲག་དུས་བབ་ལ་དམིགས་ནས། ཐའེ་ཝན་གྱིས་བཅིངས་འགྲོལ་དམག་ཐའེ་ཝན་གྱི་ཉེ་འགྲམ་ས་ཁོངས་སུ་བསྐྱོད་རྒྱུར་དོགས་ཟོན་བྱེད་དགོས་ཞེས་བཤད་པ་རེད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། 
     ཐན་ཁེ་ཧྥེ་ཡིས་བཤད་དོན། ཐའེ་ཝན་ནི་ཀྲུང་གོའི་ཐའེ་ཝན་ཡིན་པ་དང་། ཀྲུང་གོའི་མི་དམངས་ཡོངས་ཀྱི་ཐའེ་ཝན་ཡིན། མིག་སྔར། ཐའེ་ཝན་མཚོ་འགག་གི་དུས་བབ་མུ་མཐུད་ཛ་དྲག་ཏུ་འགྲོ་བའི་འབྱུང་རྩ་ནི་དམངས་གཙོ་ཡར་སྐུལ་ཚོགས་པའི་དབང་འཛིན་ལས་ཁུངས་ཀྱིས་ཕྱི་ཕྱོགས་སྟོབས་ཤུགས་དང་ངན་འབྲེལ་བྱས་ཏེ། “རང་བཙན”གྱི་འཁྲུག་རྐྱེན་བསླངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་གྱི་འགལ་ཟླའི་ཕྱོགས་སུ་ཨུ་ཚུགས་ངང་ལངས་ཡོད། ངོགས་གཉིས་ཀྱི་སྤུན་ཟླའི་བར་ཤ་ཁྲག་ལྟ་བུའི་འབྲེལ་བ་ཡོད་པས་ང་ཚོས་ཞི་བས་གཅིག་གྱུར་ཡོང་ཆེད་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་གཏོད་འདོད་ཡོད་མོད། འོན་ཀྱང་རྣམ་པ་གང་རུང་གི“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་བར་མཐོངས་གང་ཡང་གཏན་ནས་འཇོག་གི་མིན། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་དང་“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་དམིགས་ཏེ། བཅིངས་འགྲོལ་དམག་གིས་འབྲེལ་ཡོད་དམག་དོན་བྱ་སྤྱོད་སྤེལ་བ་ནི་ལུགས་དང་མཐུན་པ་ཞིག་རེད། 
     ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པ་དང་། ཀྲུང་གོའི་ལྟེ་བའི་ཁེ་ཕན་ཁྲོད་ཀྱི་སྲོག་ཤིང་ཡིན་པ་དང་། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བའི་ཐད་ཀྱི་བརྒལ་ཐབས་མེད་པའི་དམར་ཐིག་དང་པོ་རེད། ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི་ཐོག་ནས་ཨ་རི་དང་ཐའེ་ཝན་གྱི་གཞུང་ཕྱོགས་འགྲོ་འོང་དང་། དམག་དོན་ཕན་ཚུན་འབྲེལ་བ་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཨ་རི་ཕྱོགས་ཀྱིས་རྣམ་པ་གང་རུང་གི་ཐོག་ནས་ཨ་རི་དང་ཐའེ་ཝན་གྱི་འབྲེལ་བ་དངོས་ལ་རིམ་སྤོར་བྱ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ང་ཚོས་ཨ་རི་ཕྱོགས་ལ“ཐའེ་ཝན་ལ་བརྟེན་ནས་ཀྲུང་གོར་བཀག་སྡོམ”བྱེད་པའི་ལྐོག་གཡོ་དོར་ནས། ཐའེ་ཝན་གྱི་གནད་དོན་ཐད“ཕག་རྒྱུ་གཏུབ་པ”དང་ཚད་བརྒལ་ཡོང་བ་བྱེད་མཚམས་འཇོག་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན། 
      “རང་བཙན”ལ་ངོ་རྒོལ་བྱས་ནས་གཅིག་གྱུར་ཡོང་བར་སྐུལ་འདེད་དང་། ཐའེ་ཝན་ཕྱིར་ལོག་པར་བྱ་དགོས། དམངས་གཙོ་ཡར་སྐུལ་ཚོགས་པའི་དབང་འཛིན་ལས་ཁུངས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་གང་རུང་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་དང་འཁྲུག་རྐྱེན་གང་རུང་ལ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་གྲ་སྒྲིག་གཟབ་ནན་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།