འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགོ་ཁྲིད་ལས་བྱེད་པར་གཏན་འགོག་བྱ་སྤྱོད་ཁག་8བཏོན་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་17ཉིན། 15:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་16ཉིན་གསར་འགོད་པས་སི་ཁྲོན་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་དེས《སི་ཁྲོན་ཞིང་ཆེན་གྱི་འགོ་ཁྲིད་ལས་བྱེད་པས་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་བཅས་ཀྱི་བྱ་བ་སྒྲུབ་པའི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཏང་ཀྲུང་དབྱང་དང་སི་ཁྲོན་ཞིང་ཨུའི་སྤྱོད་གཙང་སྲིད་ཞུགས་དང་གྲོན་ཆུང་ནན་ཏན་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱས་ཏེ། རྒྱས་སྤྲོས་རྒྱས་གཤོམ་བྱེད་པའི་གོམས་སྲོལ་ངན་པ་རང་རྟོགས་ངང་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་པར་འགྲེམས་བྱས་པའི《གཏན་འབེབས》ནི་2014ལོར་སི་ཁྲོན་ཞིང་ཆེན་གྱིས་བཟོས་པའི《འགོ་ཁྲིད་ལས་བྱེད་པས་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་སོགས་ཀྱི་དོན་དག་སྐོར་གྱི་གནས་སྐབས་ལག་བསྟར་གཏན་འབེབས》ལ་བཟོ་བཅོས་བརྒྱབ་པ་ཞིག་རེད། 《གཏན་འབེབས》ནང་ཁྱོན་དོན་ཚན་18ཡོད་པའི་ནང་གཞུང་དངུལ་བཀོལ་ནས་གཏོང་སྤྲོད་དང་། འགྲོ་སོང་རྩིས་ཞུའམ་ཡང་ན་རྣམ་པ་འགྱུར་བའི་འགྲོ་སོང་རྩིས་ཞུ་བྱས་ནས། མི་སྒེར་གྱིས་སྤྲོད་དགོས་པའི་འགྲོ་གྲོན་སྤྲོད་དུ་བཅུག་པ་དང་། གཞུང་གི་རླངས་འཁོར་དང་། སྤྱི་བའི་དངོས་རྫས། དེ་མིན་གྱི་སྤྱི་པའི་ཐོན་ཁུངས་བཅས་སྤྱད་ནས་སྒྲུབ་གཉེར་བྱས་པ། རིན་གོང་མཐོན་པོའི་གཉེན་རྟེན་ནམ་ཡང་ན་གདན་ཞུའི་ལག་རྟགས་སྤྲོད་པ་སོགས་ཀྱི་བྱ་སྤྱོད་ཁག་8གཏན་འགོག་བྱས་ཡོད་པ་རེད།
     《གཏན་འབེབས》ནང་ད་དུང་ལས་གནས་ཐོག་ཡོད་པའི་འགོ་ཁྲིད་ལས་བྱེད་པ་ཕུད། ལས་འཁྱུར་ངལ་གསོ་རྒྱག་མཁན་འགོ་ཁྲིད་ལས་བྱེད་པས་ལས་འཁྱུར་ངལ་གསོའི་འགྲོ་ལུགས་གཉེར་ཉིན་ནས་བཟུང་ལོ་3ནང་ཚུན་དུ་སྔར་བཞིན་གཏན་འབེབས་འདི་ལག་བསྟར་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད། འགོ་ཁྲིད་ལས་བྱེད་པས་གཉེན་སྒྲིག་དང་གཤིན་པོ་དུར་སྐྱེལ་དང་མྱ་ངན་དང་འདས་གྲོངས་ཀྱི་བྱེད་སྒོ་གཉེར་བ་ཕུད། སྤྱིར་བཏང་དུ་ཕྲུ་གུ་བཙའ་བ་དང་བུ་ཕྲུག་གསོ་སྐྱོང་། ལས་གྲྭ་བཙུགས་ནས་ལས་གཉེར་བྱེད་པ། སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བ། སློབ་རིམ་འཕར་བར་རྟེན་འབྲེལ་ཞུ་བ། ཁང་པ་གསར་པར་སྤོས་པ་སོགས་ཀྱི་དོན་དག་སྒྲུབ་མི་ཆོག དགའ་སྟོན་རྟེན་འབྲེལ་གྱི་བྱ་བ་གཞན་དག་བསྒྲུབ་དགོས་ངེས་ཡིན་ན། གདན་འདྲེན་ཞུས་པའི་མི་སྣ་གཉེན་ཉེ་ཡི་ཁྱབ་ཁོངས་ལས་བརྒལ་མི་ཆོག་པ་མ་ཟད།གཏན་འབེབས་ལྟར་སྙན་སེང་ཐོ་འགོད་དང་སྙན་སེང་ཞུ་དགོས།  
     གཞན་ཡང་། འགོ་ཁྲིད་ལས་བྱེད་པ་སྒེར་གྱི་མིང་ཐོག་ནས་མི་གཞན་གྱིས་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ་དང་མྱ་ངན་འདས་གྲོངས་སུ་སོང་བ་ཕུད་པའི་བཀྲ་ཤིས་པའི་བྱ་བ་དག་ལ་ཞུགས་མི་ཆོག་པ་དང་། གདན་ཞུས་ལྟར་གཉེན་སྒྲིག་དང་། གཤིན་པོ་དུར་སྐྱེལ་ཁྲོད་གཉེན་སྒྲིག་དཔང་པོ་དང་། གཙོ་སྐྱོང་བ། སྤྱི་གཉེར་སོགས་ཀྱི་འགན་འཁུར་མི་ཆོག དགའ་སྟོན་རྟེན་འབྲེལ་གྱི་མིང་ཐོག་ནས་གཉེན་ཉེ་དང་ཁྱིམ་ཚང་གི་འདུ་འཛོམས་ལ་ཞུགས་རྒྱུ་ཕུད།
     སི་ཁྲོན་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་འགན་འཁུར་བས་བཤད་དོན། ད་ཐེངས་བཏོན་པའི《གཏན་འབེབས》ནང་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་དང་། གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་ཁྲོད་ཐོན་པའི་མགོ་འབུར་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་གཏན་འགོག་རང་བཞིན་གྱི་བླང་བྱའི་ནང་འཇུག་རྒྱུ་ཡིན་པ་དཔེར་ན། འགན་དབང་སྤྱོད་པའམ་ཡང་ན་གོ་གནས་ཀྱི་ཤུགས་རྐྱེན་སྤྱད་དེ་འགྲོ་གྲོན་གཞན་ལ་སྤོ་སྒྱུར་དང་། ལུགས་མཐུན་གྱི་རྒྱུ་མཚན་མེད་པར་ས་ཆ་གཞན་དུ་གཉེར་བ། འདུ་འཛོམས་དང་གསོལ་སྟོན་ལ་རྣམ་པ་བསྒྱུར་ནས་གཉེར་བ་སོགས་རེད། དེ་དང་ཆབས་ཅིག སྲོལ་རྒྱུན་གོམས་སྲོལ་གྱི་སྔར་ཡོད་ཀྱི་དངོས་ཡོད་ཤུགས་རྐྱེན་ལ་བསམ་གཞིག་བྱས་ནས་དམིགས་བསལ་གྱི་གནས་ཚུལ་རིགས་གཉིས་ཁ་གསལ་བཏོན་ཡོད་པ་སྟེ། གཅིག་ནི་དགའ་སྟོན་རྟེན་འབྲེལ་གྱི་བྱ་བ་གཞན་དག་བསྒྲུབ་དགོས་ངེས་ཡིན་ཚེ་གདན་ཞུ་ཁྱབ་ཁོངས་དེ་གཉེན་ཉེ་ལས་བརྒལ་མི་ཆོག་པ་དང་། གཉིས་ནས་འགོ་ཁྲིད་ལས་བྱེད་པ་དགའ་སྟོན་རྟེན་འབྲེལ་བྱ་བའི་མིང་ཐོག་ནས་སྤེལ་བའི་ཁྱིམ་ཚང་འདུ་འཛོམས་ནང་ཞུགས་རྒྱུ་དེ་ཕུད་པ།
     《གཏན་འབེབས》ནང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས(སྒྲིག་གཞི)ལ་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་ནན་པོ་བྱེད་པ་དང་། ཐེར་འདོན་ཐབས་ལམ་ཤར་བགྲོད་ཡོང་བ། སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་པ། དཔེ་མཚོན་གྱོད་གཞིའི་མིང་འདོན་བརྡ་ཁྱབ་བཏང་ནས་དམར་རྗེན་དུ་འདོན་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།