འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས། “སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བ་གསུམ་ཀ་གོང་དུ་སྤེལ་བའི”ལེའུ་གསར་པ་བརྩམས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་17ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཧོ་ཡུང་། ཝང་མེ།
     དཔྱིད་མགོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཁེ་ཆི་ཧོ་གྲམ་ཐང་གི་དགུན་མཚེར་དུ་ནོར་ལུག་ཧ་ཅང་མང་པོ་ཡོད། ཡོས་རྒན་ཉིན་གྲོང་རྡལ་ཕྱུག་རྐྱལ་གྲོང་ཚོའི་ཡུལ་མི་ཚེ་བཀྲས“དཔྱིད་གསར་དུས་ཆེན་གོང་ང་ཚོའི་རྫོང་གི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་སྒྲོག་འགྲེལ་ཚོགས་པ་གྲོང་ཚོར་སྒྲོག་འགྲེལ་བྱེད་པར་ཡོང་བས། སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་འབྲེལ་བ་དམ་ཟབ་ཡོད་པ་ངས་གསལ་པོ་ཤེས་བྱུང”ཞེས་བརྗོད་པ་དང་། ཁོང་གིས། ད་ཆ་ཁེ་ཆི་ཧོ་གྲམ་ཐང་གི་དབྱར་མཚེར་དང་དགུན་མཚེར་ནམ་དུས་བཞིན་སྐྱས་སྤོ་བྱེད་ཀྱི་ཡོད་པས། ནོར་ལུག་ལ་རྩྭ་ཁ་ཡག་པོ་ཟ་རྒྱུ་ཡོད་ལ་རྩྭ་རའི་གནོན་ཤུགས་ཀྱང་ཆུང་དུ་ཕྱིན་ཡོད་ཅེས་བརྗོད།
     རྨ་ལྷོ་ཀྲོའུ་ནི་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཤིང་། ས་ཁོངས་ཡོངས་རྒྱལ་ཁབ་ཀྱི་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་དུ་གཏོགས་པ་དང་། ས་ཁོངས་སུ་དམེ་ཤུལ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་། ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། རྩེ་ཆུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་། ཀླུ་ཆུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་། རྩེ་ཁོག་ཧོར་རི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་བཅས་ཡོད། རྨ་ལྷོ་ཀྲོའུ་ཡིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་སྐྱེ་ལྡན་དང་རིག་གནས་ཡུལ་སྐོར་སོགས་འབྱུང་འཕྲོད་ཐོན་ལས་འཕེལ་རྒྱས་བཏང་སྟེ། སྐྱེ་ཁམས་རྒྱུ་ནོར་དང་རིག་གནས་རྒྱུ་ནོར་གྱིས་དམངས་འཚོ་དངོས་སུ་ལེགས་སུ་གཏོང་ཐུབ་ཡོད་པ་རེད།
     རྨ་ལྷོ་ཀྲོའུ་རེབ་གོང་གྲོང་ཁྱེར་བཙན་མོ་ཤང་བཙན་མོ་གྲོང་ཚོ་དེ་བཙན་མོ་ཆུ་མཛོད་དང་དམེ་ཤུལ་ནགས་ཚལ་སྤྱི་གླིང་འབྲེལ་མཚམས་སུ་ཆགས་གཤིས། རང་བྱུང་ཁོར་ཡུག་ཧ་ཅང་མཛེས་པོ་ཡོད། དེ་ནི་རྨ་ལྷོ་ཀྲོའུ་ཡི་གྲོང་གསེབ་ཡུལ་སྐོར་བྱ་ཡུལ་གྲགས་ཅན་ཞིག་ཡིན་ཞིང་། བོད་རིགས་བུ་མོ་ཉང་མོ་སྐྱིད་ཀྱིས“ངའི་ཁྱིམ་མ་ཧྲི་ཐང་གྲོང་ཚོར་ཡོད། ན་ནིང་ཆེད་ཚན་སློབ་གྲྭ་ཆེན་མོ་ཐོན་རྗེས་ང་རང་བཙན་མོ་གྲོང་ཚོར་གསར་དུ་བཙུགས་པའི‘ཆེན་བཟང་སྒོ་རའི་སྤྲོ་གསེང་ཞག་སྡོད་ཁང་དུ་ལས་ཀ་བྱེད་པར་ཡོང་བ་དང་། ཟླ་རེར་གཞི་རྩའི་གླ་ཆ་སྒོར་3500ཡོད་པ་མ་ཟད་ད་དུང་ཆ་བགོས་ཀྱང་ཡོད”ཅེས་བརྗོད།
     རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག བཙན་མོ་གྲོང་ཚོས་སྐྱེ་ཁམས་ལེགས་ཆར་བརྟེན་ནས་གྲོང་ཚོའི་འགྲོ་ལམ་འཛུགས་སྐྲུན་དང་། མི་ཕྱུགས་འཐུང་ཆུ། བཙོག་ཆུ་གཙང་བཟོ། ཞིང་པའི་སྡོད་ཁང་ལེགས་གཏོང་། གསང་སྤྱོད་གསར་བརྗེ། སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་། ནགས་ཚལ་གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་དར་རྒྱས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་རྣམ་གྲངས་བསྡུ་སྒྲིལ་བྱས་ཡོད། གྲོང་ཚོའི་མཉམ་སྡེབ་ཐོན་ལས་རྣམ་གྲངས་ལ་བརྟེན་ནས་ཡུལ་མི་དེ་བས་མང་བར“སྐྱེ་ཁམས་ཀྱི་ཡོང་འབབ”རག་ནས་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་རིམ་བཞིན་འགྱུར་ལྡོག་ཕྱིན་ཡོད་པ་རེད།
     “རྣམ་གྲངས་འདི་དག་འཛུགས་སྐྲུན་བྱས་པ་བརྒྱུད་གྲོང་གསེབ་ཀྱི་རྣམ་པ་ལེགས་སུ་ཕྱིན་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་བཙན་མོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁོན་ཐར་གྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། 2022ལོར་བཙན་མོ་གྲོང་ཚོར་ཡུལ་སྐོར་བ་མི་ཐེངས་ཁྲི་2ལྷག་ཙམ་ཟིན་ནས་ཡུལ་སྐོར་ཡོང་འབབ་དང་ཐོན་ལས་ཡོང་འབབ་གཞན་དག་སྒོར་ཁྲི་100ལྷག་ཙམ་ཟིནཞིང་། བཙན་མོ་ཤང་དེ་ཉིད་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་བརྒྱ་ལས་བརྒལ་བའི་གྲོང་ཚོ་དང་པོར་གྱུར། ཏང་གི་ཚོགས་ཆེན་ཉི་ཤུ་པས་ང་ཚོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པས་སྐྱེ་ཁམས་བཟང་པོ་བྱུང་ཚེ་འཚོ་བ་ཡག་པོ་གཏོད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་ཁོན་ཐར་གྱིས་བརྗོད།
     2022ལོར་རྨ་ལྷོ་ཀྲོའུ་ཡི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་97%ཟིན་ཞིང་། འབབ་རྒྱུད་གཙོ་བོའི་ལྟ་ཞིབ་ཚད་ལེན་གྱི་བཅད་ཁ་12ཀྱི་ཆུའི་སྤུས་ཚད་ཚད་གཞི་རིགས་Ⅲལ་སླེབས་པའམ་ཡང་ན་དེ་ལས་ལེགས་པ་དང་། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་མུའུ་ཁྲི་97བྱས་པས་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་69.1%ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་11.2ཀྱིས་མཐོ་བ་ཡོད། འབྱུང་འཕྲོད་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་རིགས་176ཟིན་པ་དང་། སྤུས་རྟགས་ཚོང་རྟགས་1515ཐོ་འགོད་བྱས་ནས། ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཏུན་ཁྲི་3.4ཟིན་པ་དང་། ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་17ལྷག་ཙམ་ཟིན་པ་དང་། ཀྲོའུ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་པ་སོགས་ཀྱི་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་རེད།
     “ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ང་ཚོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་དང་སྲུང་སྐྱོང་ཕན་ཚུན་མཉམ་འགུལ་དང་། སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བ་བཅས་གསུམ་ཀ་གོང་དུ་སྤེལ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་ཀྱི་ཡོད”ཅེས་རྨ་ལྷོ་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་ཀྲན་མིན་གྱིས་བརྗོད།