འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

ཞིང་ལས་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་17ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་དྲུག་པར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཞིང་ལས་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས》ཞེས་པ་བཀོད་ཡོད།
     རྩོམ་ཡིག་ནང་བསྟན་དོན། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཐུབ་པའི་དམིགས་ཚད་གཞི་རྩར་བཟུང་ནས། ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཡག་པོ་བྱེད་དགོས་ཤིང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། 2035ལོར་སླེབས་སྐབས་ཞིང་ལས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་དང་། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཐུབ་པར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད།  རྒྱལ་ཁབ་སྟོབས་ཆེར་གཏོང་བར་ངེས་པར་དུ་སྔོན་ལ་ཞིང་ལས་སྟོབས་ཆེར་གཏོང་དགོས་པ་དང་། ཞིང་ལས་སྟོབས་ཆེར་ཕྱིན་ན་གཞི་ནས་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་མ་བྱུང་ན། དེང་རབས་ཅན་གྱི་རྒྱལ་ཁབ་ཧྲིལ་པོ་སྟོབས་ཆེན་ཡོང་མི་སྲིད། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མ་བྱུང་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཆ་ཚང་པོ་ཞིག་ཡོང་མི་ཐུབ། དེས་ན་ངེས་པར་དུ་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པ་ནི། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་གནས་བབ་གལ་ཆེན་ཐོག་འཇོག་དགོས། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་དགོས་པའི་གཞི་རྩའི་བླང་བྱ་ནི་ཞིང་ལས་དེང་རབས་ཅན་མངོན་འགྱུར་བྱེད་རྒྱུ་དེ་རེད།
     རྩོམ་ཡིག་ནང་བསྟན་དོན། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱེད་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དོན་ཆེན་ཨང་དང་པོ་རེད། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་ཐུབ་ཚེ། གཞི་ནས་རྒྱལ་ཁབ་སྟོབས་ཆེན་དང་བསྐྱར་དར་གྱི་རང་འགུལ་དབང་ཆ་སྟངས་འཛིན་བརྟན་པོ་ཡོང་ཐུབ། ཞིང་ལས་སྟོབས་ཆེར་གཏོང་བར་དང་ཐོག་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་ལེན་བྱེད་པའི་ནུས་པ་ངེས་པར་དུ་ཆེན་པོ་ཞིག་དགོས། འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པ་ཆེ་རུ་གཏོང་བ་ནི་སྔར་བཞིན་ལས་འགན་ཨང་དང་པོ་ཡིན་པ་དང་། འགག་རྩ་དེ་སྔར་བཞིན་རྨོ་ཞིང་དང་ས་བོན་གྱི་གནད་འགག་ཆེན་པོ་དེ་གཉིས་ལ་དམ་འཛིན་བྱེད་པར་ཐུག་ཡོད། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་མཐའ་གཅིག་ཏུ་བརྟན་པོ་བསྲུངས་ཏེ། གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ་ཚང་མ་རིམ་བཞིན་ཚད་གཞི་མཐོ་བའི་ཞིང་ཁར་སྒྱུར་དགོས་པ་དང་། འདེབས་འཛུགས་ལས་རིགས་དར་རྒྱས་ཀྱི་བྱ་སྤྱོད་སྤེལ་བར་དམ་འཛིན་བྱས་ནས་ཕན་འབྲས་དངོས་ཐོན་པར་བྱེད་པ་དང་། ཁྱིམ་འཛིན་ཐོན་རྫས་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་དགོས། འབྲུ་འདེབས་ཞིང་པའི་ཡོང་འབབ་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་དང་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
     རྩོམ་ཡིག་ནང་བསྟན་དོན། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པར་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་ལས་འགན་གལ་ཆེན་ཞིག་རེད། “ཞིང་གསུམ”ལས་དོན་གྱི་གཙོ་གནད་དེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཕྱོགས་སྒྱུར་བྱེད་དགོས་པ་མ་ཟད། མི་ཤུགས་བཀོལ་གཏོང་དང་། དངོས་ཤུགས་བཀོད་སྒྲིག ནོར་ཤུགས་འགན་ལེན་བཅས་ཚང་མའང་གྲོང་གསེབ་དར་རྒྱས་ཀྱི་ཕྱོགས་སུ་སྒྱུར་དགོས་ཤིང་། སྤྱིའི་བླང་བྱ་ནི་སྔར་བཞིན་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས“དར་རྒྱས་ལྔ”ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་རེད། ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེ་རེད་ལ་དངོས་ཡོད་ལས་ཀའི་འཇུག་སྒོའང་རེད། “ཡུལ་ཟོག”ལ་བསམ་གཞིག་གང་ལེགས་བྱེད་པ་དང་ཆབས་ཅིག ཞིང་ལས་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། ཁྲོམ་རའི་འགྲན་རྩོད་ནུས་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཐོན་ལས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མཐའ་ཚད་ལས་འགན་ཡིན་པས། མུ་མཐུད་འགན་འཁྲི་དམ་ནན་དང་དམ་ཚགས་སུ་བཏང་ནས་གྲོང་ཚོ་དང་ཤང་ཧྲིལ་པོ་དབུལ་པོ་བསྐྱར་ལོག་གི་གནས་ཚུལ་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། ཞིང་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ“ཞིང་གསུམ”ལས་དོན་གྱི་ལྟེ་བའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་ངང་ཞིང་པའི་འབབ་འཕར་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་གཏོང་དགོས།
     རྩོམ་ཡིག་ནང་། ཏང་གིས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས་ཤིང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པའི་འགག་རྩ་ཏང་ལ་ཐུག་ཡོད། དེས་ན་ངེས་པར་དུ་ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱེད་པའི་རྩ་དོན་ལ་གཡོ་འགུལ་མི་གཏོང་བར་མུ་མཐུད་མཐའ་འཁྱོངས་བྱས་ཏེ། འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པར་འགན་ལེན་བརྟན་པོ་བྱེད་དགོས། རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གི་བླང་བྱ་རེད་ལ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པའི་ལམ་སྲོལ་ནུས་ལྡན་ཞིག་ཀྱང་རེད། ཆབ་སྲིད་ཀྱི་ཉམས་སད་ཐེག་པ་དང་། དུས་རབས་གསར་པའི་བླང་བྱ་དང་འཚམ་པ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་འགོ་ཁྲིད་བྱེད་ནུས་ལྡན་པ་བཅས་ཀྱི“ཞིང་གསུམ”ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ཏེ། སེམས་གནས་ཐུབ་པ་དང་། གཞིས་ཆགས་ཐུབ་པ། གོ་ཆོད་པ་བཅས་ཀྱི་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས་ཞེས་བསྟན་ཡོད།