འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བྱ་སྤྱོད་འདི་དག་ལ་དོགས་ཟོན་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་16ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། བརྙན་ཐུང་ཁག་ཅིག་གི་སྙན་སྒྲོན་པས་སྤྱི་ཕན་དགེ་སྒྲུབ་ཀྱི་བྱེད་སྒོ་སྤེལ་བའི་མིང་ལ་ཁ་གཡར་ཏེ། རྒྱ་ཆེའི་དྲ་གྲོགས་ཀྱི་གདུང་སེམས་དང་ཞལ་འདེབས་གཡོ་ལེན་བྱས་པ་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་སྒྲུབ་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་ཡོད། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལེགས་སུ་གཏོང་ཆེད། དམངས་སྲིད་པུས་ཉིན་ཤས་གོང་འབྲེལ་ཡོད་དོན་ཚན་ཐད་དྲན་སྐུལ་བྱས་པ་གཤམ་གསལ།
     “པར་ལེན་རྣམ་པའི་དགེ་སྒྲུབ”དང་“འཁྲབ་སྟོན་རྣམ་པའི་དགེ་སྒྲུབ”སོགས་དགེ་སྒྲུབ་རྫུན་མའི་བྱེད་སྤྱོད་དག་དགེ་སྒྲུབ་ཀྱི་བསམ་པ་དངོས་ལས་ཚབས་ཆེན་འགལ་བར་མ་ཟད། ཁ་ཤས་ཐ་ན་མགོ་སྐོར་གཏོང་བའི་དོགས་གཞིའང་ཡོད། སྙན་སྒྲོན་པ་ཁ་ཤས་དེའི་རྐྱེན་གྱིས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་ཐོག་ནས་བཀག་སྐྱིལ་བྱས་པ་དང་ཉེས་ཆད་བཅད་པ་ཡང་ཡོད། རྒྱ་ཆེའི་དྲ་གྲོགས་ཚོས་དོགས་ཟོན་གྱི་འདུ་ཤེས་མཐོ་རུ་བཏང་སྟེ། ཚད་ལྡན་གྱི་ཐབས་ལམ་བརྒྱུད་གཅེས་སེམས་འབུལ་བའམ་རོགས་རམ་ཐོབ་པ་བྱེད་དགོས་པ་ལས། དགེ་སྒྲུབ་རྫུན་མའི་གཡོ་སྒྱུའི་ནང་ལྷུང་མི་རུང་། 
     འབྲེལ་ཡོད་དྲ་རྒྱའི་ལས་སྟེགས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་སྒྲུབ་བཅའ་ཁྲིམས》 《དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་དོ་དམ་བྱེད་ཐབས》སོགས་འབྲེལ་ཡོད་གཏན་འབེབས་ལྟར། དགེ་སྒྲུབ་བྱེད་སྒོ་དང་འབྲེལ་བ་ཡོད་པའི་ནང་དོན་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྙན་སྒྲོན་པ་ཁ་ཤས་ཀྱིས་དཀྲོག་གཏམ་བཟོ་བ་དང་། འུད་སྒྲོག་བྱེད་པ། “དགའ་སྐྱོ་གཉིས་ལྡན་གྱི་ཟློས་གར”བཟོ་བ། རོགས་སྐྱོར་གནང་རོགས་ཞུ་མཁན་གྱི་ལ་རྒྱར་རྡོག་རོལ་གཏོང་བ། ཕན་པ་ཐོབ་མཁན་གྱི་གསང་དོན་ལ་གནོད་འཚེ་གཏོང་བ་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བ་དང་། སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་བཟང་པོར་འགལ་བའི་བྱེད་ཐབས་ལ་དོགས་ཟོན་ཏན་ཏིག་བྱས་ཏེ། བསམ་ངན་ཁོག་བཅུག་གིས་གླེང་ཕྱོགས་ཀྱི“གླེང་གཞི”བཟོ་བ་དང་། དོན་དངོས་མིན་པའི་ཆ་འཕྲིན་ཁྱབ་སྤེལ་གཏོང་བའི་བྱ་སྤྱོད་ལ་དོགས་ཟོན་ཏན་ཏིག་བྱ་དགོས། 
     གལ་ཏེ་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་ཁྲིམས་འགལ་ཅན་གྱིས་གཞན་ཕན་གྱི་མིང་ལ་ཁ་གཡར་ནས་ཁེ་བཟང་ཟ་བ་དང་། ཁྲིམས་འགལ་གྱིས་ཡོངས་བསྒྲགས་ཐོག་ཞལ་འདེབས་བསྡུ་བའི་བྱེད་སྒོ་སྤེལ་བ་ཤེས་རྟོགས་བྱུང་ན། དམངས་སྲིད་སྡེ་ཁག་དང་། འབྲེལ་ཡོད་སྡེ་ཁག་གཞན་དག་གམ་ཡང་ན་དགེ་སྒྲུབ་ལས་རིགས་རྩ་འཛུགས་བཅས་ལ་ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱས་ཆོག རང་བྱུང་སྐྱེ་བོ་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གིས་གཞན་ཕན་གྱི་མིང་གཡར་བའམ་ཡང་ན། དགེ་སྒྲུབ་རྩ་འཛུགས་ཡིན་ཁུལ་བྱས་ནས་རྒྱུ་ནོར་གཡོ་ལེན་བྱས་རིགས་ལ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་རེད།