འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་12.14ཟིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་16ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ཀྱིས་2022ལོར་གཞུང་ལམ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་163.87བཏང་བ་དང་། ལོ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་720རིང་དུ་ཕྱིན་ནས་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་12.14ཟིན་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཕན་པ་ཡོད་པའི་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གཞུང་ལམ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ཡོད། 2022ལོར་ཁྲོན་བོད་ལྕགས་ལམ་གྱི་ལྷན་སྦྱར་གཞུང་ལམ་རྣམ་གྲངས་ཀྱི་བོད་ཀྱི་རྣམ་གྲངས་46ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ་དང་། མིག་སྔར་རྣམ་གྲངས་22བདེ་བླག་ངང་བསྐྲུན་ཟིན་པ་རེད། རྒྱལ་ལམ་G318ཀྱི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ཀྱི་ལམ་བུ་3སྐྲུན་འགོ་ཚུགས་པ་དང་། ལྷ་ས་ནས་གཞིས་རྩེ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་གཙོ་གནད་རྣམ་གྲངས་14ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད།
     “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། བོད་ཀྱིས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་དང་རོགས་སྐྱོར་བྱེད་ཐབས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ནས་ལག་བསྟར་བྱས་པ་དང་། གྲོང་གསེབ་གཞུང་ལམ་གྱི“ལམ་དཔོན་ལམ་ལུགས”དང་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་གྱི་འགན་དབང་གཤམ་སྤྲོད་ཁྱབ་གདལ་ཤུགས་ཆེན་བཏང་ཡོད། མིག་སྔའི་བར། བོད་རང་སྐྱོང་ལྗོངས་ཀྱི་ཤང་དང་གྲོང་རྡལ་དུ་ཨར་འདམ་ལམ་སྐྲུན་ཚད་95%དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་90.5%ཟིན་པ་དང་། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་ཨར་འདམ་ལམ་སྐྲུན་ཚད་78.76%དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་69.8%ཟིན་ཡོད།
     བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ལིའུ་ཀྲི་ཆང་གིས། བོད་ཀྱིས་2023ལོར་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་400དོན་འཁྱོལ་ཐུབ་པའི་བརྩོན་ལེན་བྱས་ནས། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་263བཏང་སྟེ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་12.4ཟིན་པ་དང་ཆབས་ཅིག ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ཁྲོན་བོད་ལྕགས་ལམ་གྱི་ལྷན་སྦྱར་གཞུང་ལམ་སོགས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་། ལྷ་ས་གོང་དཀར་གནམ་ཐང་གི་བབས་ཚུགས་མདུན་གྱི་འགྲིམ་འགྲུལ་སྒྱུར་བཀོད་ལས་གྲྭ་སོགས་གཙོ་གནད་རྣམ་གྲངས་ལས་འགོ་འཛུགས་རྒྱུའི་བརྩོན་ལེན་བྱེད་པ། ལམ་དྲའི་འཁོར་སྐྱོད་འགན་ལེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ལས་རིགས་དེང་རབས་ཅན་གྱི་བཅོས་སྐྱོང་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞེས་བརྗོད།