འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པ་དང་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་16ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། དབྱིང་ཡན།
     ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་ཤུག་ལུང་ཉིན་པ་གྲོང་ཚོ་ནས་པད་མ་བཀྲ་ཤིས་ཐུག་སྐབས་ཁོང་གིས་གྲོང་མི་ཚོར་རྩྭ་ཐང་གི་མེ་ཟོན་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་འདུག “དྲ་མིག་ཅན་གྱི་དོ་དམ་པའི་འགན་འཁུར་རྗེས། ངས་གང་ཐུབ་ཅི་ཐུབ་ཀྱིས་ཚང་མར་བྱ་བ་དངོས་སྒྲུབ་དགོས་བསམ་བྱུང”པད་མ་བཀྲ་ཤིས་ཀྱིས། དེ་སྔ་གྲོང་ཚོའི་རྣམ་པ་བཙོག་ཟིང་ཞན་གསུམ་ཡིན་པ་དང་། ཡུལ་སྐོར་འཕེལ་རྒྱས་བཏང་བ་བརྒྱུད་ད་ཆ་གྲོང་ཚོའི་འགྲོ་ལམ་དང་ཁང་པ་གསར་རྐྱང་དུ་གྱུར་ནས་ཚང་མའི་བདེ་སྐྱིད་ཚོར་སྣང་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་བཤད།
     གཙོས་གྲོང་ཁྱེར་རྒྱ་རམ་འགབ་མ་གྲོང་ཚོར་སྐྱོད་སྐབས། བོད་ལུགས་ཀྱི་བཟོ་བཀོད་བརྗིད་ཆགས་ལ་ཉམས་དོད་པ་དང་ཐང་ཆེན་དང་ཁྲོམ་གཞུང་ཡང་གཙང་སྦྲ་དོད། གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག་རྒྱ་རམ་འགབ་མ་གྲོང་ཚོས་སྤུས་ཚད་དང་ཚད་གཞི་མཐོ་པོས“མཛེས་སྡུག་བཞིའི”གྲོང་ཚོ་བཏོད་དེ་གྲོང་ཚོའི་རྣམ་པ་ལེགས་སུ་དང་། ཁོར་ཡུག་མཛེས་པ། མང་ཚོགས་ཕྱུག་པ་བཅས་བྱུང་ཡོད། དུས་ཐུང་ལོ་ཁ་ཤས་ནང་། སྔོན་ཆད་ཐལ་རླུང་གིས་ཁེངས་པ་དང་བཙོག་ཆུ་གང་སར་རྒྱུག་པའི་གྲོང་ཚོ་ཆུང་ཆུང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སྟེ། བོད་ཁྱིམ་སྐྱེ་ཁམས་གླིང་དང་། གུར་གྱི་སྒར་ས། མེ་ཏོག་དང་སྔོ་ཚལ་གྱི་རྟེན་གཞི་སོགས་ཀྱི་རྣམ་པ་དབྱར་མཚོ་རྒྱས་པ་ལྟར་བྱུང་ནས་ཡུལ་སྐོར་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
     ད་ལྟའི་འཚོ་བའི་སྐོར་གླེང་སྐབས། ལོ་67ལ་སླེབས་པའི་གྲོང་མི་དབྱང་ཧྥེང་ཅུས་ཀྱི་ངོ་གདོང་ནས་འཛུམ་མདངས་འཕྱུར། དེ་སྔ་ཁྱིམ་དུ་ཡོང་འབབ་གསོག་མཁན་ཁོང་གི་བུ་གཅིག་པུ་ལས་མེད་པས་འཚོ་བའི་ཐད་དཀའ་ངལ་ཆེ་ཙམ་ཡོད། ད་ཆ་གྲོང་ཚོས་ཁོང་ལ་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱས་པས་ཟླ་རེར་གླ་ཕོགས་ལེན་རྒྱུ་ཡོད་ལ། གྲོང་ཚོའི་ནང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བས་བུའི་མནའ་མ་ཡང་ཐག་ཉེ་སར་ལས་ཀར་འགྲོ་རྒྱུ་བྱུང་ཡོད། མི་རིང་བའི་གོང་དབྱང་ཧྥེང་ཅུས་ཀྱི་ཁྱིམ་ལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་བགོ་འགྲེམས་སྒོར་2000ལྷག་ཙམ་རག་ཡོད།
     ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས”“མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མར་དབང་བའི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་འདུས་གྲུབ་གཏོད་དགོས”ཞེས་པ་བཏོན་ཡོད། ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཀྲོའུ་ཡིས་ཏང་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་པའི“8+”གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་ནས་ཀྲོའུ་ཡོངས་དྲ་མིག་ཅན་གྱི་ཏང་རྩ་འཛུགས་3063དང་། དུད་སྦྲེལ་ཏང་ཚོགས་ཆུང་8636ལ་ཕྱེ་སྟེ། ཏང་སྲིད་ལས་བྱེད་པ་དང་། འཐུས་མི་ཨུ་ཡོན། ཡུལ་དམག་རྩ་འཛུགས། མང་ཚོགས་སོགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་གྱིས་མི་རྒྱུ་དངོས་སོགས་སྤྱི་ཚོགས་བཅོས་སྐྱོང་གི་རྒྱུ་རྐྱེན་དྲ་མིག་ཅན་དུ་གཅིག་སྡུད་བྱས་ནས། མང་ཚོགས་ལ་ཞབས་འདེཌ་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད།
     གཙོས་གྲོང་ཁྱེར་མཛོ་དགེ་སྟོད་མ་ཤང་ཤིན་སི་གྲོང་ཚོར“མེ་རིན་བུད་མེད་རུ་ཁག”ཅིག་ཡོད་པ་དེར་གྲོང་ཚོའི་ནང་གི་ལོ་30ནས་60བར་གྱི་བུད་མེད་བསྡུས་ནས་གྲོང་ཚོ་འཕེལ་རྒྱས་འགྲོ་བར་བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རིང་ཁོང་ཚོ་ནི་སྤྱང་གྲུང་ལྡན་པའི“ཕྱུག་འགྱུར་སྣེ་ཁྲིད་པ”ཡིན་ཞིང་། ཁོང་ཚོས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་རི་ཀླུང་བརྒལ་ནས་རང་བྱུང་ལྷད་མེད་ཀྱི“མེ་རེན་ཤ་མོ”བཀོག་པ་མ་ཟད། གྲོང་གསེབ་ཡུལ་སྐོར་གྱི་ལས་རྣམ་གསར་པ་འཚོལ་ཞིབ་དང་གསར་སྤེལ་ཧུར་ཐག་བྱེད་ཀྱི་ཡོད། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྲོད། ཁོང་ཚོ་ནི“འོས་འགན་འདུམ་འགྲིག་པ”འཇོན་པོ་ཤ་སྟག་ཡིན་པས། ཁྱིམ་མཚེས་བར་གྱི་རྩོད་གཞི་དང་ཁྱིམ་ཚང་གི་འགལ་བ་འཕྲད་སྐབས། ཁོང་ཚོས་བུད་མེད་ལ་དམིགས་བསལ་དུ་ཡོད་པའི་ཞིབ་ཚགས་དང་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་དང་སེམས་གསོ་བཏང་ནས་རྩོད་གཞི་ཐོན་མ་ཐག་ནས་སེལ་གྱི་ཡོད།
     “ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ནི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། ང་ཚོས་ཚང་མའི་སྣེ་ཁྲིད་ནས་གཙང་སྦྲ་བྱེད་རོགས་བྱེད་པ་དང་ད་དུང་དཀའ་ངལ་ཡོད་པའི་རྒན་རྒོན་ལ་གཙང་སྦྲ་བྱེད་ཀྱི་ཡོད། མ་ཟད་ང་ཚོས་དུས་བཀག་ལྟར་མང་ཚོགས་ལ་བཅའ་ཁྲིམས་དང་སྲིད་ཇུས་སྒྲོག་འགྲེལ་བྱེད་ཀྱི་ཡོད། ཁྱིམ་མཚེས་དབར་གྱི་རྩོད་གཞི་དང་། མནའ་མ་དང་ཨ་མའི་དབར་གྱི་འགལ་ཟླ། བཟའ་ཚང་གི་འགལ་ཟླ་བཅས་ཡོད་ཚེ་ང་ཚོས་དུས་ཐོག་ཏུ་འདུམ་འགྲིག་བྱེད་པ་དེ་མང་ཚོགས་ཀྱིས་ཀྱང་ཉན་འདོད་བྱེད་ཀྱི་ཡོད”ཅེས་ལོ་60ལ་སླེབས་པའི་མེ་རེན་བུད་མེད་རུ་ཁག་གི་རུ་མི་སྒྲོལ་མ་མཚོས་བཤད།
     ལོ་65ལ་སླེབས་པའི་ཚེ་རིང་སྐྱིད་ནི་ཏང་ཡོན་ཞིག་ཡིན་པ་དང་། གཙོས་གྲོང་ཁྱེར་དུ་མི་རིགས་མཁོ་ཆས་ཚོང་ཁང་ཞིག་བཙུགས་ཡོད། མེ་རེན་བུད་མེད་རུ་ཁག་ནང་ཞུགས་རྗེས་ཁོང་གིས་བུད་མེད་བཅུ་གྲངས་ཤིག་ལས་ཞུགས་ཐུབ་པར་བྱས་ཡོད། “སློབ་སྦྱོང་བྱས་པ་བརྒྱུད། ངས་རྒྱལ་ཁབ་ཀྱི་ཐོན་ལས་རོགས་སྐྱོར་གྱི་གཟིགས་སྐྱོང་སྲིད་ཇུས་མང་པོ་ཤེས་བྱུང་། གོམ་སྟབས་རྗེས་མར་ངས་རོགས་སྐྱོར་སྲིད་ཇུས་དེ་དག་ཡག་པོ་སྤྱད་དེ་གཅེན་གཅུང་ཚོའི་ཡོང་འབབ་མང་དུ་གཏོང་རོགས་བྱེད་ཀྱི་ཡིན”ཞེས་བཤད།