འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གངས་ཤུད་པང་ལེབ་བདག་སྐྱོང་བ་ཞིག་གིས་དངོས་སུ་བརྒྱུད་མྱོང་བའི་གངས་འཁྱགས་ལུས་རྩལ་གྱི་ཚ་རླབས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་16ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ལོ་33ལ་སླེབས་པའི་པའོ་ཞིས་ཕུང་ནི་མཚོ་སྔོན་ཟི་ལིང་གི་གངས་ཤུད་པང་ལེབ་བདག་སྐྱོང་བ་ཞིག་ཡིན་པ་དང་འདི་ལོ་ནི་ཁོང་གིས་གངས་ཤུད་པང་ལེབ་བདག་སྐྱོང་བ་ལས་ལ་གཞོལ་བའི་ལོ་དྲུག་པ་དེ་ཡིན་ཞིང་། རྒྱུན་དུ་གངས་གྲོགས་ཚོས་ཁོང་ལ“ལའོ་པའོ”ཞེས་འབོད་ཀྱི་ཡོད། “གངས་ཤུད་གློད་པའི་དུས་ཚིགས་སུ་གངས་ཤུད་གློད་པར་ཡོང་མཁན་ཧ་ཅང་མང་པོ་ཡོད། ངལ་གསོའི་དུས་ཚོད་ཡོལ་མ་ཐག་གངས་གྲོགས་ཚོས་གངས་ཤུད་པང་ལེབ་བདག་སྐྱོང་བྱེད་པར་བསྐྱལ་བ་དང་ད་དུང་བདག་སྐྱོང་བྱེད་དགོས་པའི་གངས་ཤུད་པང་ལེབ་བཅུ་གྲངས་ཡོད།
     ལའོ་པའོ་ཡིས་རང་ཉིད་ད་དུང་ཡང་གངས་ཤུད་གློད་ཤེས་ཀྱི་མེད་ཅེས་བཤད། ལོ་དྲུག་གོང་གྲོགས་པོ་ཞིག་ཤིན་ཅང་ནས་གངས་ཤུད་གློད་དེ་ལོག་ཡོང་རྗེས། སྐྱོན་ཤོར་བའི་གངས་ཤུད་པང་ལེབ་ཁོང་ལ་ཉམས་བཟོ་བྱེད་པར་བསྐྱལ། “སྐབས་དེ་དུས་འདི་གར་གངས་ཤུད་པང་ལེབ་བདག་སྐྱོང་ཤེས་མཁན་ཧ་ལམ་མེད”ཆུང་དུས་ནས་ཤིང་བཟོའི་ལས་ལ་དགའ་བའི་ལའོ་པའོ་ཡིས་ཚོད་ལྟ་ཐེངས་དང་པོ་བྱས།
     “སྐབས་དེ་དུས་གངས་ཤུད་པང་ལེབ་ལ་རེག་མྱོང་མེད་པས་བདག་སྐྱོང་ཤེས་ཀྱི་མེད། ལག་ཆ་མང་པོ་ཞིག་ཀྱང་ཉོ་གིན་དུ་ཚོད་ལྟ་བྱས་ནས་གཟའ་འཁོར་གཅིག་གི་དུས་ཚོད་ནང་གཞི་ནས་བཟོས་ཚར་སོང་། བསམ་ཡུལ་ལས་འདས་པར་ངའི་གྲོགས་པོ་བློ་ཡིད་ཚིམ་པོ་བྱུང་སོང་། ངས་ཉམས་བཟོ་བྱས་པའི་གངས་ཤུད་པང་ལེབ་དེ་གྲོགས་པོས་ད་ལྟ་ཡང་བེད་སྤྱོད་ཀྱི་འདུག”ཅེས་ལའོ་པའོ་ཡིས་བཤད།
     མཚོ་བོད་ས་མཐོར་གནས་པའི་མཚོ་སྔོན་ཞིང་ཆེན་ལ་གངས་འཁྱགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྐུལ་ཁྲིད་འོག་མི་དེ་བས་མང་བ་ཞིག་གངས་འཁྱགས་ལུས་རྩལ་ལ་ཞུགས་པ་དང་ལའོ་པའོ་བཙལ་ནས་གངས་ཤུད་པང་ལེབ་ཉམས་གསོ་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད།
     ལས་རིགས་གཅིག་པའི་ས་ནས་ཉམས་མྱོང་བསགས་པ་དང་དྲ་ཐོག་ནས་དཔྱད་གཞི་འཚོལ་བ་སོགས་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་པ་བརྒྱུད། པའོ་ཞིས་ཕུང་གིས་གངས་ཤུད་པང་ལེབ་ཀྱི་ཁྱད་ཆོས་དང་། གངས་ཤུད་གློད་ས། བདག་སྐྱོང་ལག་ཆ་སོགས་ལ་རྒྱུས་མངའ་དེ་བས་ཆེན་པོ་བྱུང་བ་དང་། གངས་ཤུད་ཀྱི་གྲི་དངོ་དང་གསེག་རྡར་གྱིས་ཁོང་གི་ལག་གཉིས་ལ་བཟོས་པའི་རྨ་ཤུལ་ཇེ་མང་དུ་སོང་བ་དང་བསྟུན་ནས་ལའོ་པའོ་ཡི་བདག་སྐྱོང་ལག་རྩལ་ཡང་མངོན་གསལ་དོད་པོས་མཐོ་རུ་ཕྱིན།
     2019ལོར་ལའོ་པའོ་ཡིས་དེ་སྔའི་ལས་ཀ་རྩ་དགོངས་ཞུས་ནས་གྲོགས་པོ་དང་མཉམ་དུ་ཟི་ལིང་དུ་མཚོ་སྔོན་གྱི་གངས་ཤུད་སྤྲོ་སྐྱིད་ཁང་ཐོག་མ་དེ་བཙུགས་པ་དང་། ཁོང་གིས་ཆེད་མངགས་གངས་ཤུད་པང་ལེབ་བདག་སྐྱོང་གི་འགན་འཁུར་གྱི་ཡོད། ལོ་དྲུག་རིང་ཁོང་གིས་བདག་སྐྱོང་བྱས་པའི་གངས་ཤུད་པང་ལེབ་2000ལས་བརྒལ་བ་དང་ནུབ་བྱང་རྒྱུད་ཀྱི་གངས་ཤུད་འཁོར་རྒྱའི་ནང་ཁོང་སྐད་གྲགས་ཆོད།
     “གངས་ཤུད་པང་ལེབ་བདག་སྐྱོང་བྱེད་པར་ཡུལ་པོའི་སྣང་བ་ཁྱད་བསད་བྱེད་དགོས་ལ་བཟོ་བོའི་བློ་ཡང་མཐའ་འཁྱོངས་བྱེད་དགོས”ལའོ་པའོ་ཡིས་ངོ་སྤྲོད་བྱས་པར། གངས་ཤུད་པང་ལེབ་བདག་སྐྱོང་བྱེད་པར་པང་ལེབ་ཀྱི་ངོས་སྙོམས་པོ་དང་འཇམ་པོ་ཡོང་བའི་འགན་ལེན་བྱེད་དགོས། དེ་ལྟར་བྱས་ཚེ་གངས་གྲོགས་ཚོ་གངས་ཤུད་གློད་པའི་མྱོང་བ་ཆེས་ཆེར་ཟབ་ཏུ་འགྲོ་སྲིད།
     ལིའུ་ཐིང་དབྱང་གིས་གངས་ཤུད་པང་ལེབ་འཁྱེར་ནས་སྒོའི་ནང་འཛུལ་ཡོང། ཁོང་ཡང་གངས་ཤུད་གློད་མཁན་གཞན་དང་འདྲ་བར་གངས་ཤུད་གློད་རྗེས་འཕྲལ་མར་ལའོ་པའོ་བཙལ་ནས་གང་ཤུད་པང་ལེབ་ལ་བདག་སྐྱོང་བྱེད་པར་ཡོང་གི་ཡོད། “འདི་ག་ནི་ང་ཚོ་གངས་གྲོགས་ཚོའི་ཁྱིམ་ཡིན་པས་ཚང་མས་དེ་གར་གངས་ཤུད་གློད་པའི་སྐོར་སྣ་ཚོགས་གླེང་གི་ཡོད། ན་ནིང་ངའི་རྐང་པ་ཆག་ཀྱང་འཁར་རྒྱུག་བཙུགས་ནས་འདི་གར་ཚང་མ་དང་ཅི་འཕྲོས་མོལ་འཕྲོས་ལ་ཡོང་བ་ཡིན། དེ་ཡང་ང་རང་བློ་ཡིད་ཚིམ་པའི་ཆེད་དུ་ཡིན”ཞེས་ལིའུ་ཐིང་དབྱང་གིས་བཤད།
     “ང་ཚོའི་སྤྲོ་སྐྱིད་ཁང་འཛུགས་སྐབས་མི་60ལས་མེད། འདི་ལོ་གངས་ཤུད་གློད་པའི་དུས་ཚིགས་སུ་མི་1400ཟིན་འདུག གངས་ཤུད་གློད་པའི་རྣམ་པ་ཇེ་ཟབ་ཏུ་འགྲོ་བ་དང་གངས་གྲོགས་ཚོའི་ལག་རྩལ་ཡང་ཇེ་ལེགས་སུ་འགྲོ་བ་མ་ཟད། གངས་ཤུད་པང་ལེབ་ལ་བདག་སྐྱོང་བྱེད་པའི་འདུ་ཤེས་ཀྱང་ཇེ་ཟབ་ཏུ་འགྲོ་བཞིན་འདུག དེས་ཀྱང་ངར་ལག་རྩལ་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུར་སྐུལ་མ་གཏོང་གི་འདུག” ལའོ་པའོ་ཡིས་གསར་འགོད་པར་ལག་ཟུང་ལ་བརྟེན་ནས་ཀྲུང་གོའི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད་ཅེས་བཤད།
     ད་ཆ་གངས་འཁྱགས་ལུས་རྩལ་དེ་ཀྲུང་གོ་བའི་ལོ་གསར་གཏོང་སྲོལ་ཞིག་ཏུ་གྱུར་ཡོད། 《ཀྲུང་གོའི་གངས་འཁྱགས་ཡུལ་སྐོར་འཕེལ་རྒྱས་སྙན་ཞུ(2023)》ཡི་སྔོན་དཔག་ལྟར་ན། 2022ལོ་ནས་2023ལོའི་གངས་འཁྱཌ་དུས་ཚིཌ་བར། ཀྲུང་གོའི་གངས་འཁྱགས་སྤྲོ་གསེང་ཡུལ་སྐོར་བར་མི་ཐེངས་དུང་ཕྱུར་3ལས་བརྒལ་རྒྱུ་དང་། 2024ལོ་ནས་2025ལོའི་གངས་འཁྱགས་དུས་ཚིགས་བར་གྲངས་ཀ་དེ་དུང་ཕྱུར་5.2ཟིན་རེ་ཡོད།