འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གངས་འཁྱགས་དཔལ་འབྱོར་གྱིས་མཚོ་སྔོན་གྱི་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་16ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། དཔྱིད་ཀ་འགོ་ཚུགས་པའི་སྐབས་གངས་ཆེན་པོ་ཞིག་བབས་ཏེ། ས་མཐོའི་ས་གཞི་ཆེན་པོ་ཁ་བའི་འདབ་མས་ཡོངས་སུ་བཀླུབས་ཤིང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དུས་བདེའི་ཁུལ་དུ་གནས་པའི་པད་མ་རི་བོའི་གངས་འཁྱག་འཇིག་རྟེན་ཆེ་མོར་སྐྱོད་སྐབས། མི་རྣམས་ཀྱིས་མགྱོགས་འཁོར་སྤོ་ལོའི་རྣམ་གྲངས་ལ་རོལ་བའི་སྐྱིད་སྣང་དང་འཆར་ཡན་གྱི་རྣམ་པ་ཟབ་མོ་ཞིག་མངོན་འོང་། དེ་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་འཚོགས་རྗེས་ཀྱི་འཁྱགས་ཤུད་གློད་པའི་ནམ་དུས་ཐོག་མ་དེ་ཡིན་པས། མཚོ་སྔོན་དུ་གངས་འཁྱགས་ལ་རོལ་བའི་མཐོ་རླབས་ཆེན་པོ་ཞིག་འཕྱུར།
     ལོ་8ལ་སླེབས་པའི་ལིའུ་ཙི་ཧན་གྱི་ཁྱིམ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཡོད། ལུས་ལ་འཁྱགས་ཤུད་གྱོན་ཆས་གྱོན་ཞིང་རྐང་པས་ཤུད་པང་མནན་ནས་གངས་ཤུད་གློད་པའི་ཁོང་གིས་རྩལ་ཁྲིད་པའི་མཛུབ་སྟོན་ལ་བརྟེན་ཏེ་ཆ་པང་གངས་ཤུད་གློད་ཤེས་པར་གྱུར། དང་ཐོག་གངས་ཤུད་ལུས་རྩལ་ལ་དེ་ཙམ་རྒྱུས་མངའ་མེད་པ་ནས་བདེ་ལྕག་འཁྱུག་པོའི་ངང་གངས་ཤུད་གློད་ཐུབ་པར་གྱུར་པའི་ཁོང་གིས་གངས་ཁྲོད་དུ་འཕུར་བ་ལྟ་བུའི་མྱོང་ཚོར་ལ་དགའ་པོ་ཡོད་ཅེས་བཤད།
     “ཕྲུ་གུ་ཁྲིད་ནས་གངས་ཤུད་གློད་པའི་ཚོར་སྣང་ཧ་ཅང་སྐྱིད་པོ་འདུག གངས་ཤུད་ཀྱིས་ཕྲུ་གུའི་གཟུགས་པོར་སྦྱོང་བརྡར་ཐེབས་པ་དང་ལུས་སྦྱོང་ཁྲོད་ཕྱི་རོལ་གྱི་བགེགས་བར་ལ་ཁ་གཏད་གཅོག་པའི་བབ་བསྟུན་ནུས་པ་ཆེ་རུ་འགྲོ་བའི་རེ་བ་ཡོད”ཅེས་ལིའུ་ཙི་ཧན་གྱི་ཨ་མ་སུང་ཡན་ཉིས་བཤད།
     མཚོ་སྔོན་གྱི་གནམ་གཤིས་གྲང་བས། དགུན་དུས་ཡུལ་སྐོར་བྱེད་པའི་དུས་ཚོད་ལོ་ཕྱེད་ཙམ་ཡོད། ས་ཁུལ་ཕྱེད་ཙམ་ཡན་ལ་ལོ་ལྟར་གྱི་ཟླ་བ་12པ་ནས་ཕྱི་ལོའི་ཟླ་2པ་བར་ཆ་སྙོམས་དྲོད་ཚད་ཀླད་སྐོར་འོག་གི་ཧྲེ་ཧྲི་ཏུའུ་10ལ་སླེབས་ཀྱི་ཡོད། དྲོད་ཚད་དམའ་ལ་ཆུའི་ཐོན་ཁུངས་འབེལ་བ་དང་གངས་ཤུད་གློད་པའི་ནམ་དུས་རིང་བ་སོགས་ཀྱི་རྒྱུ་རྐྱེན་དེས་མཚོ་སྔོན་གྱི་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་ལ“རང་བྱུང་གི་འགན་ལེན”ཞིག་བྱུང་ཡོད།
     བཅར་འདྲི་བྱེད་རིང་གསར་འགོད་པར་ཤེས་རྟོགས་བྱུང་བར། པད་མ་རི་བོའི་གངས་འཁྱགས་འཇིག་རྟེན་ཆེན་པོ་གནས་སའི་དུས་བདེ་ཁུལ་གྱི་གནའ་གྲོང་ཤང་གི་ཡུལ་མིའི་ཡོང་འབབ་གཙོ་བོ་འདེབས་འཛུགས་ལས་རིགས་དང་གླ་པ་རྒྱུག་ནས་ཡོང་གི་ཡོད། གནའ་གྲོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཀྲན་ཤའོ་ཡིས་ཞིང་དལ་སྐབས་ཡུལ་མི་མང་པོས་ཕྱིར་སྐྱེལ་འདྲེན་དང་འཐེན་ཐུག་གི་ཚོང་རྒྱག་གི་ཡོད། 2021ལོར་གངས་ཤུད་ར་བ་ཤང་དེར་བཙུགས་རྗེས་ཡུལ་མི་རྣམས་གངས་ཤུད་ར་བར་ལས་ཞུགས་ཐུབ་པ་མ་ཟད། ས་གནས་ཀྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གི་ཚོང་ཡང་ཉི་མ་ཤར་ཤར་བྱུང་བ་རེད།
     ལོ་39ལ་སླེབས་པའི་མཱ་ཧྥུའུ་ཧྲོའུ་ཡི་ཁྱིམ་གནའ་གྲོང་ཤང་གི་རྡོ་རིང་གྲོང་ཚོར་ཡོད་པ་དང་། ཁྱིམ་ལ་ས་ཞིང་མུའུ་4ཡོད་པར་གྲོ་དང་། པད་ཁ། ཞོག་ཁོག་བཅས་འདེབས་ཀྱི་ཡོད། ས་ཆ་ཕལ་མོ་ཆེ་རི་དང་སྐམ་ཞིང་ཡིན་སྟབས། ཞིང་ལས་ལོ་ཏོག་གི་ཐོན་འབབ་དེ་ཙམ་ཆེན་པོ་མེད། ཞིང་དལ་སྐབས་ཁོང་གིས་རང་ཁྱིམ་འགྲམ་དུ་གླ་པ་ཙག་ཙིག་རྒྱུག་གི་ཡོད། གངས་ཤུད་ར་བ་གཉེར་རྗེས་ཁོང་གིས་གངས་ཤུད་ར་བའི་གངས་ཤུད་ལྷམ་འཇོག་སར་གངས་ཤུད་ཡོ་ཆས་བོགས་མར་གཏོང་བར་ཟླ་རེར་གླ་ཆ་སྒོར་3750ཡོད།
     མིག་སྔར་གནའ་གྲོང་ཁོ་ནར་མཱ་ཧྥུའུ་ཧྲོའུ་དང་འདྲ་བའི་ཞིང་པ་30ལྷག་ཙམ་གྱིས་གངས་ཤུད་ཡོ་ཆས་བོགས་གཏོང་དང་གངས་ཤུད་ར་བར་བཟའ་བཏུང་གི་ཞབས་ཞུ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད།
     མཱ་ཧྥུའུ་ཧྲོའུ་ཡིས“གྲང་ངར་ཆེ་བའི་དགུན་དུས་སུ་ང་ཚོས་རང་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་གསོག་ཐུབ་པས། ལོ་གསར་པའི་འཚོ་བར་རེ་བས་ཁེངས་ཡོད”ཅེས་བཤད།
     མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ཡུལ་གྱི་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཝེ་ཏུང་གིས། མིག་སྔར་མཚོ་སྔོན་ཞིང་ཆེན་དུ་གཞི་ཁྱོན་ངེས་ཅན་ལྡན་པའི་གངས་ཤུད་ར་བ་10ཡན་ཡོད་པ་དེ་དག་གཙོ་བོའི་འགྲིམ་འགྲུལ་བལྟོས་བཅས་ཀྱིས་སྟབས་བདེ་བའི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་སོགས་སུ་གནས་ཡོད། གངས་ཤུད་སོགས་གངས་འཁྱགས་དཔལ་འབྱོར་གྱིས་མཚོ་སྔོན་གྱི་དགུན་དུས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་ཞན་པ་དང་། ཡུལ་སྐོར་བ་མང་ཉུང་གི་དུས་ཚིགས་ཀྱི་ཁྱད་པར་མངོན་གསལ་དོད་པ་སོགས་ཀྱི་ཞན་ཆ་བསལ་ནས་ལུས་རྩལ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་ཞིང་འབྲོག་པའི་འབབ་འཕར་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གངས་འཁྱགས་དཔལ་འབྱོར་གྱི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
     མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཏུང་ཞ་གྲོང་རྡལ་གྱི་བདེ་རོལ་གངས་ཤུད་ར་བ་ནི་མཚོ་སྔོན་གྱིས་ཕྱི་ཕྱོགས་སུ་གཉེར་བའི་གངས་ཤུད་ར་བ་ཐོག་མ་དེ་རེད། གངས་ཤུད་ར་བ་དེར་ཁྱོན་མ་དངུལ་སྒོར་ཁྲི་3000བཏང་བ་དང་2012ལོར་དངོས་སུ་ལས་གཉེར་བྱེད་འགོ་ཚུགས། གངས་ཤུད་ར་བའི་འགན་འཁུར་བས་གཟའ་མཇུག་ཏུ་སླེབས་སྐབས་ཡུལ་སྐོར་ཚོགས་པ་དང་ཁེ་ལས་ཀྱི་ཕྱི་རོལ་གསོ་སྦྱོང་སོགས་ཚོགས་པའི་ཡུལ་སྐོར་བ་མང་པོ་ཞིག་གངས་ཤུད་ར་བར་ཡོང་གི་ཡོད་པས། གངས་ཤུད་ར་བས་ཉེ་འཁོར་གྱི་གྲོང་མི་40ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ནས་ཁོང་ཚོས་གངས་ཤུད་ར་བར་ཟ་ཁང་འཛུགས་པ་དང་གངས་བཟོ་བ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད།
     མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཤིང་ཧའེ་ཡིས་མ་འོངས་པར《མཚོ་སྔོན་ཞིང་ཆེན་གྱིས་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་ཕྱི་རོལ་ལུས་རྩལ་ཐོན་ལས་འཕེལ་རྒྱས་འཆར་འགོད》དང་ཟུང་འབྲེལ་བྱས་ཏེ། ས་མཐོའི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་གི་ཡིན་ཞེས་བཤད་པ་རེད།