འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་མེ་ཏོག་རྫོང་གི་སློབ་གསོ་སྒྱུར་བཅོས་སྐོར་གྱི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་16ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་སློབ་གྲྭ་ཁག་གི་བརྒྱུད་ལམ་སྣེ་མང་སློབ་ཁང་ནང་དགེ་རྒན་གྱིས་སློབ་མ་ཚོའི་སྣེ་ཁྲིད་དེ་ཚན་རིག་ཚོད་ལྟའི་བརྙན་ལམ་ལྟ་བ་དང་། ཁང་ནང་ལན་ཆིའུ་སྤོ་ལོ་ཐང་དུ་ཕྲུ་གུ་ཚོས་རྔུལ་ཆུ་བཞུར་གྱིན་སྤོ་ལོ་རྒྱག་པ། བུ་བཅོལ་ཁང་གི་ཤིང་བཟོ་ཁང་དང་མཛེས་རྩལ་བཟོ་ཁང་དུ་ཕྲུ་གུ་ཚོ་དགའ་སྣང་ཆེན་པོས་སོ་སོའི་རྩེད་མོར་རོལ་བཞིན་མཆིས།
     བོད་སྐྱོར་དགེ་རྒན་དང་། ནུབ་རྒྱུད་འཆར་གཞིའི་སློབ་སྐྱོར་ཚོགས་པ། “རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི”སོགས་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག་སློབ་གྲྭའི་དགེ་རྒན་གྱི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ནས་སློབ་གསོའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།
     “ངས་མེ་ཏོག་ཏུ་སློབ་གསོའི་ལས་ཀ་བྱས་ནས་ལོ་18འགྲོ་གི་འདུག ངོ་མ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་སོང”ཞེས་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་ཏིང་ཧུའེ་དབྱི་ཡིས་བཤད།
     མེ་ཏོག་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་ཕྱོགས་གསུམ་རི་བོ་ཧི་མ་ལ་ཡས་བསྐོར་ནས་ཡོད་པས། དེ་སྔ་འགྲིམ་འགྲུལ་སྟབས་བདེ་མེད་ལ་དངོས་ཟོག་ཁ་ཐང་པོ་ཡོད། 2005ལོར་ཧོ་ནན་ནས་ཡིན་པའི་ཏིང་ཧུའེ་དབྱི་སློབ་གྲྭ་ཐོན་རྗེས་མེ་ཏོག་རྫོང་སྤང་ཞིང་ཤང་སློབ་ཆུང་དུ་དགེ་རྒན་བྱས།
     ལྷ་ས་ནས་རླངས་འཁོར་བསྡད་དེ་སྤོ་བོ་རྫོང་དུ་བསྐྱོད་པ་དང་དེ་ནས་དགའ་ལུང་ལ་བརྒྱབ་རྗེས་རྐང་ཐང་མར་སྤྱི་ལེ་བཅུ་ཕྲག་ཁ་ཤས་བསྐྱོད་ཚེ་གཞི་ནས་སྤང་ཞིང་ཤང་དུ་འབྱོར་གྱི་ཡོད། “ཤང་གི་ཆ་རྐྱེན་ཧ་ཅང་སྐྱོ་བ་མ་ཟད་སློབ་ཆུང་གཅིག་རང་ལས་མེད་པ་དེའི་སློབ་ཁྲིད་ཐོག་ཁང་གི་སྒེའུ་ཁུང་ཡང་འགྱིག་པང་གིས་བཟོས་པ་ཞིག་རེད། འོན་ཀྱང་དེ་ནི་ཤང་ནང་གི་སྐྲུན་དངོས་ཡག་ཤོས་དེ་རེད། སྐབས་དེ་དུས་ཀྱི་ལུས་རྩལ་ཐང་ནི་རྡུལ་འཚུབ་འཚུབ་ཀྱི་ཐང་རྡེར་ཡིན་པ་དང་སྒེའུ་ཁུང་ནི་འགྱིག་ལས་བཟོས་པ་ཡིན་པ་མ་ཟད། དགེ་རྒན་གྱིས་ལོ་རིམ་མཐོ་དམན་ཚང་མར་སློབ་ཚན་སྣ་ཚོགས་ཁྲིད་དགོས་ཀྱི་ཡོད། གཞན་ཡང་སློབ་ཕྲུག་རྣམས་རྐང་ཐང་མར་ཉིན་གཅིག་གཉིས་ཕྱིན་ན་གཞི་ནས་སློབ་གྲྭར་འབྱོར་གྱི་ཡོད”ཅེས་ཏིང་ཧུའེ་དབྱི་ཡིས་དྲན་གསོ་བྱེད་ཀྱིན་བཤད།
     སྐབས་དེ་དུས་འགྲིམ་འགྲུལ་སྟབས་བདེ་མེད་པའི་དབང་གིས་མེ་ཏོག་རྫོང་གི་ཕྲུ་གུ་ཚོ་ལོ་བདུན་བརྒྱད་ཙམ་ལ་སླེབས་སྐབས་ཁྱིམ་དུ་ལས་ཀ་བྱེད་རོགས་བྱེད་དགོས་ཀྱི་ཡོད་ལ། ཁྱིམ་བདག་གིས་ཀྱང་ཕྲུ་གུ་སློབ་གྲྭར་གཏོང་འདོད་བྱེད་ཀྱི་མེད། ཏིང་ཧུའེ་དབྱི་དང་ལས་རོགས་ཚོ་རྟག་ཏུ་གྲོང་མིའི་ཁྱིམ་དུ་ཕྲུ་གུ་སློབ་གྲྭར་གཏོང་རྒྱུའི་ཁ་ཏ་བསླབ་བྱ་བྱེད་པར་བསྐྱོད་ཚེ་ཉིན་གཉིས་གསུམ་འགོར་གྱི་ཡོད།
     “ཐོག་མར་ལས་ཀར་འཛུལ་སྐབས་ངས་ལས་ཀའི་གཙོ་གནད་དེ‘སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི’ཐོག་འཇོག་གི་ཡོད། ལས་ཀ་དེ་མི་གཞི་དཀའ་ཚེགས་ཆེ་མོད་འོན་ཀྱང་ཕྲུ་གུ་སློབ་གྲྭར་སྐྱོད་པ་མཐོང་སྐབས་སེམས་ནང་ཧ་ཅང་དགའ་པོ་འདུག”ཅེས་ཏིང་ཧུའེ་དབྱི་ཡིས་བཤད།
     2013ལོའི་ཟླ་10པར། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་ནས་མེ་ཏོག་རྫོང་གྲོང་བར་གཞུང་ལམ་ཤར་གཏོང་ཐུབ་སྟེ། མེ་ཏོག་རྫོང་འཕེལ་རྒྱས་འགྲོ་བར་མདུན་ལམ་བཟང་པོ་ལྡན་ནས་སློབ་གསོའི་ཆ་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་པ་དང་སློབ་གྲྭའི་རྣམ་པ་གསར་རྐྱང་དུ་གྱུར་བ་མ་ཟད། མི་རྣམས་ཀྱི་སློབ་གསོའི་འདུ་ཤེས་ལའང་འགྱུར་ལྡོག་ཕྱིན་ཡོད།
     “ད་ཆ་སློབ་གྲྭའི་ནང་སློབ་མ་ལོ་རེ་བཞིན་མང་དུ་ཕྱིན་ནས་ན་ནིང་སློབ་མ་400ལྷག་ཙམ་ཡོད་པ་དང་འདི་ལོ་534བར་མང་དུ་ཕྱིན་ཡོད། ད་ཆ་དགེ་རྒན་མང་དུ་ཕྱིན་ནས་ཕུལ་བྱུང་དགེ་རྒན་དེ་བས་མང་བ་རྫོང་དུ་སློབ་ཁྲིད་བྱེད་པར་ཡོང་འདོད་བྱེད་ཀྱི་འདུག”ཅེས་ཏིང་ཧུའེ་དབྱི་ཡིས་བཤད།
     “སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་ལེན་བྱ་རྒྱུར”སྣང་ཆེན་བྱེད་པ་ནས་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱེད་པའི་བར་མེ་ཏོག་གི་སློབ་གསོ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། སློབ་གྲྭ་འབྲིང་ཆུང་མི་ཉུང་བ་ཞིག་གིས་མིག་མངས་དང་། མཉམ་གཞས། ཞབས་བྲོ་སོགས་ཚུད་པའི་དགའ་ཕྱོགས་འཛིན་གྲྭ་གཉེར་ནས་སློབ་མ་ཚོ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱས་ཡོད།
     ལོ་བཅུའི་གོང་མེ་ཏོག་རྫོང་དུ་སློབ་གྲྭ་འབྲིང་ཆུང་9དང་རྫོང་རིམ་པའི་བུ་བཅོལ་ཁང་1ལས་མེད། འོན་ཀྱང་ད་ཆ་དེ་གར་སློབ་གྲྭ་40བསྐྲུན་པར་དགེ་རྒན་295ཡོད་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་2622ཡོད་པ། སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་97.8%ཟིན་པ། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་100%ཟིན་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། བོད་ཀྱི་སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཤིང་། 2012ལོ་ནས་2021ལོའི་བར་བོད་ཀྱི་སློབ་གསོར་ནོར་སྲིད་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་2154བཏང་བ་དང་། སློབ་མར་རོགས་སྐྱོར་སྲིད་ཇུས་ཁག་40བཏོན་པ། རིམ་རྩིས་བྱས་ན་རོགས་དངུལ་སྒོར་དུང་ཕྱུར་301དོན་འཁྱོལ་བྱས་པ། རོགས་སྐྱོར་ཐོབ་མཁན་སློབ་མ་མི་ཐེངས་ཁྲི་1697ཟིན་ཡོད་པ་རེད། 2022ལོར་ལྗོངས་ཡོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད། མཐོ་རིམ་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་བཅས་ཁག་སོ་སོར་89.33%དང་། 97.73% 91.10% 57.42%བཅས་ཟིན་ནས་སློབ་གསོའི་སྟོན་གྲངས་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་ཡོད་པ་རེད།