འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་ཕྱོགས་
སུ་མདུན་སྐྱོད་བྱེད།

—— རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་མཇུག་འགྲིལ་ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་སྐོར་གྱི་ཟུར་བྲིས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་16ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞུང་ཀྲེང་གཡན་དང་ཏིང་ཞའོ་ཤིས།
    “ངས་རྩ་ཁྲིམས་ཀྱིས་དཀྲིས་པའི་ལས་འགན་ལྷག་བསམ་རྣམ་དག་ངང་བསྒྲུབས་ནས། རྒྱལ་ཁབ་ཀྱི་དགོས་མཁོ་འགན་འཁྲིར་བརྩི་བ་དང་མི་དམངས་ཀྱི་ཁེ་ཕན་ཚད་གཞིར་བཟུང་སྟེ། རང་འགན་གཙང་སྒྲུབ་དང་བསམ་པ་རྣམ་དག་གིས་ལེགས་སྐྱེས་ཕུལ་ནས། འཐུས་མི་རྣམ་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན”
     ཚེས་13ཉིན་གྱི་སྔ་དྲོར། པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོས་མཇུག་འགྲིལ་ཚོགས་འདུ་འཚོགས་པ་རེད། ཆུ་ཚོད་9དང་སྐར་མ་30ཙམ་ལ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
    གློག་འོད་ཁྲ་ཆིལ་ལེར་འཕྲོ་ཞིང་དཔྱིད་ཀྱི་དཔལ་ཡོན་བཞད། ཞི་ཅིན་ཕིང་སྒམ་བརླིང་ངང་ཀྲུའུ་ཞི་སྡིངས་ཆའི་དབུས་སུ་ཕེབས་ཏེ་འཐུས་མི་ཡོངས་ལ་གུས་འདུད་ཞུས་གནང་བ་དང་ཐལ་མོའི་རྡེབ་སྒྲ་འབྲུག་སྒྲ་ལྡིར་བ་ལྟར་ཚོགས་ཁང་དུ་གྲགས།
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ཕྱོགས་ནས་ཞི་ཅིན་ཕིང་གིས“རྒྱང་ལམ་གསར་པར་དུས་རབས་དང་། ལོ་རྒྱུས། མི་དམངས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་བཞག་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བར་ང་ཚོ་མི་རབས་འདིས་འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་དོ་ནན་ངང་གསལ་བསྒྲགས་གནང་།
    ཞི་ཅིན་ཕིང་གི་གསུང་བཤད་ནང་ལོ་ངོ་5000ལྷག་ཙམ་གྱི་ཀྲུང་ཧྭ་མི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ལ་ཕྱིར་དྲན་གནང་ཞིང་། ཁོང་གིས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་རྗེས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ལོ་ངོ་བརྒྱ་འབད་འཐབ་བྱས་པ་བརྒྱུད་མི་རིགས་ཀྱི་མཚན་ཤས་མེད་པར་གྱུར་པ་དང་། ཀྲུང་གོ་མི་དམངས་རང་ཉིད་ཀྱི་ལས་དབང་གི་བདག་པོར་གྱུར་ཡོད་ཅེས་གསུངས།
    “ཀྲུང་ཧྭ་མི་རིགས་ལ་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་འགྱུར་བའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་བྱུང་ཞིང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད”ཅེས་པའི་ཞི་ཅིན་ཕིང་གི་གསུང་ཚིག་རེ་རེ་གནད་ལ་འཁེལ་བ་ཞིག་ཡོད།
    སྤྱིར་བཏང་མིན་པའི་ལོ་བཅུའི་རིང་ཐུན་མོང་མ་ཡིན་པའི་བྱ་སྤྱོད་སྤེལ་ཡོད་ལ། ཁྱད་དུ་འཕགས་པའི་བྱས་རྗེས་ཀྱང་བཞག་ཡོད།
     དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་པའི་བར་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པ་ནས་ཐུན་མོང་འབྱོར་ཕྱུག་གི་ཕྱོགས་སུ་སྐྱོད་པའི་བར་སོགས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་རླབས་པོ་ཆེར་བརྟེན་ནས་མི་དམངས་ཀྱི་སྣེ་ཁྲིད་དེ་དམག་འཐབ་དྲག་པོར་རྒྱལ་ཁ་ཡང་ཡང་བླངས་པ་དང་ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་འོས་པའི་རྒྱལ་ཁ་ཡང་ཡང་ཐོབ་པ་རེད།
     དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བར་ཐུག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བར་ཐུག་པ་དོན་དངོས་ལས་ར་སྤྲོད་ཁུངས་བཙན་བྱས་ཡོད།
    སྲོག་ཤིང་ལ་ལྷག་བསམ་རྣམ་དག་དང་། སྲོག་ཤིང་ལ་གོང་བཀུར། སྲོག་ཤིང་ལ་སྲུང་སྐྱོང་། སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱས་ཏེ་མི་དམངས་དུང་ཕྱུར་མང་པོས་བསྐྱར་དར་རླབས་པོ་ཆེའི་སྣེ་ཁྲིད་པའི་རྗེས་སུ་བསྙེགས་ནས་དུས་རབས་གསར་པར་བྱས་རྗེས་འཇོག་པ་དང་རྒྱང་ལམ་གསར་པར་འབད་འབུངས་བྱེད་དགོས།
    ཟླ་4ལྷག་ཙམ་གོང་། ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་མུ་མཐུད་བདམས་པ་རེད།
    ཉིན་འགའི་གོང་། ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་མུ་མཐུད་བདམས་པ་རེད།
    “ད་ཐེངས་ནི་ངས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བླ་ན་མེད་པའི་ལས་འགན་འཁུར་ཐེངས་གསུམ་པ་ཡིན། མི་དམངས་ཀྱི་ཡིད་ཆེས་ནི་ངའི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཆེ་ཤོས་ཡིན་ལ། ངའི་ཕྲག་ཏུ་བབས་པའི་ལྗིད་ཏིག་ཏིག་གི་འགན་འཁྲི་ཡང་རེད”ཅེས་ཞི་ཅིན་ཕིང་གི་བབ་བརླིང་ནུས་ལྡན་གྱི་གསུང་བཤད་ནི་མི་སེམས་སུ་འཐད་པ་ཞིག་ཡོད།
    མི་དམངས་ཚོགས་ཁང་ཆེ་མོར་མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་བཅངས་པའི་ལྷད་མེད་ཐུགས་སེམས་བདེན་དཔང་བྱས།
    ལོ་བཅུའི་གོང་གི་2013ལོའི་ཟླ་3ཚེས་17ཉིན་གསར་དུ་བདམས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདི་གར“ཀྲུང་གོའི་ཕུགས་འདུན་ནི་མཐར་གཏུགས་ནས་བཤད་ན་མི་དམངས་ཀྱི་ཕུགས་འདུན་རེད”ཅེས་ནན་བཤད་གནང་ཡོད།
    ལོ་ལྔའི་གོང་སྟེ་2018ལོའི་ཟླ་3ཚེས་20ཉིན་སླར་ཡང་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པའི་ཞི་ཅིན་ཕིང་གིས་འདི་གར“ཀྲུང་གོའི་མི་དམངས་དང་ཀྲུང་ཧྭའི་བུ་ཕྲུག་ཡོངས་ལ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་བདེ་སྐྱིད་དང་གཟི་བརྗིད་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས”ཞེས་གསལ་བསྒྲགས་གནང་ཡོད།
    ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་། རྒྱང་ལམ་གསར་པར་འབད་འབུངས་བྱེད་པའི་དུས་རབས་ཀྱི་དུང་བརྡ་བཏང་ཡོད།
    རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་འབད་འབུངས་ཡར་བརྩོན་བྱེད་པའི་ཐད་ཞི་ཅིན་ཕིང་གིས་གསུང་བཤད་ནང་ཕྱོགས་ལྔའི་ཐད་བླང་བྱ་བཏོན་གནང་བ་སྟེ“ང་ཚོས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས” “ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་དགོས” “ང་ཚོས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་སྔར་བས་ལེགས་པར་བྱེད་དགོས” “ང་ཚོས‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’ཀྱི་ལག་ལེན་དང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་ཏན་ཏིག་གཏོང་དགོས” “ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས”སོགས་དུས་རབས་དང་། ལོ་རྒྱུས། མི་དམངས་བཅས་ལ་ངོ་གནོང་མི་དགོས་པར་བྱེད་དགོས། ཞི་ཅིན་ཕིང་གི་གསུང་བཤད་ནང་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་། དཔའ་ངར་ཞུམ་མེད་དང་འགན་འཁྲི་འཁུར་སེམས་མངོན་པ། མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་བཅས་གནང་ཡོད།
    འདི་ནི་གཟིགས་རྒྱང་རིང་བའི་འཐབ་ཇུས་ཀྱི་ཁྲིད་སྟོན་ཞིག་རེད།
    ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་རེད་ཅེས་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ཚོར་གཟིགས་པ་དང་འབྲེལ། མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད་ཅེས་ནན་བཤད་གནང་ཡོད།
    ཚེས་13ཉིན་གྱི་ཞི་ཅིན་ཕིང་གི་གསུང་བཤད་ནང“ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་དགོས”“དཔལ་འབྱོར་གྱི་སྤུས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་བཏང་ནས་རང་རྒྱལ་གྱི་དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།
    འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་སྔར་བས་ལེགས་པ་བྱེད་དགོས་ན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་སྲུང་བྱེད་དགོས།
    འདི་ནི་བློ་བརྟན་འགྱུར་མེད་ཀྱི་འགན་འཁྲི་འཁུར་སེམས་ཤིག་རེད།
    ཞི་ཅིན་ཕིང་གིས“དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་ཕན་པ་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་ཐོབ་པར་བྱས་ཏེ། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བའི་ཐད་དེ་བས་མངོན་གསལ་དོད་པའི་འཕེལ་རིམ་ངོ་མ་ཐོབ་པར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ཏེ་བགོ་བཤའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་བ། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།
    རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བ་དང་ཁ་འབྲལ་ཐབས་མེད།
    མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བར་བྱེད་པ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་རེད་ལ། མི་རིགས་བསྐྱར་དར་གྱི་བརྗོད་གཞིའི་སྙིང་པོའང་རེད།
    འདི་ནི་གནམ་འོག་ལ་བཅངས་པའི་མདའ་ཤོང་མདུང་ཤོང་གི་བརྩེ་བ་ཞིག་ཡིན།
    ཞི་ཅིན་ཕིང་གིས“ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་ཕན་པ་སྐྲུན་པ་དང་ཀྲུང་གོའི་འཕེལ་རྒྱས་ཀྱང་འཛམ་གླིང་དང་ཁ་འབྲལ་ཐབས་མེད”ཅེས་གསུངས།
    ང་ཚོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་བརྟན་བརླིང་དང་དྲང་ནུས་སྔར་ལས་མང་བ་སྣོན་པ་དང་རང་རྒྱལ་གྱི་འཕེལ་རྒྱས་ལ་རྒྱལ་སྤྱིའི་ཁོར་ཡུག་ཡག་པོ་སྐྲུན་དགོས།
    རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས།
    བསྐལ་བརྒྱའི་བྱ་གཞག་རླབས་པོ་ཆེ་བསྒྲུབ་རྒྱུར་བརྩོན་སེམས་སྐྱེད་པར། ལོ་བརྒྱའི་ཏང་ཆེན་པོས་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་ཀྱི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ། རང་ངོས་གསར་བརྗེ་བྱེད་ཕོད་པ་དང་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ་ཏང་ནམ་ཡང་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་འགན་ལེན་བྱེད་དགོས།
    “ང་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་བཅས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་རྒྱུན་ཆད་མེད་པར་ནུས་པ་འདོན་པ་དང་གཟི་བརྗིད་སྣོན་དགོས”
    ཆུ་ཚོད་9དང་སྐར་མ་46ལ་ཞི་ཅིན་ཕིང་གི་གསུང་བཤད་མཇུག་འགྲིལ་སྐབས་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས། འཐུས་མི་ཡོངས་ལ་ཕྱོགས་ནས་ཞི་ཅིན་ཕིང་གིས་སླར་ཡང་གུས་འདུད་ཞུས་གནང་བ་རེད།
    སྐར་མ་10ལྷག་ཙམ་གྱི་གསུང་བཤད་གནང་རིང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཐེངས་10ཙམ་གྲགས་པ་རེད།
    དཔྱིད་ཀ་ནས་འགོ་བརྩམས་ཏེ་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།