འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྤྱི་ཁྱབ་ཧྲུའུ་ཅིའི“དོན་ཆེན”དང“དོན་ཆུང”གི་ལྟ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་15ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། ཅང་ཡུན་དང་ཆན་དབྱི་པིན།
    ཟླ་1ཚེས་18ཉིན། ཆུ་ཡོས་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ས་པེ་ཅིང་དུ་བརྙན་ལམ་སྦྲེལ་མཐུད་གནང་སྟེ། རྒྱལ་ཡོངས་ས་གནས་6གི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་རེད། དེ་ནི་དྲོ་སྐྱིད་ལྡན་པའི་ཁ་ཆད་བཞིན་ལོ་ལྟར་དུས་བཅད་ལྟར་གནང་གི་ཡོད།
    སྨན་ཁང་དུ་བསྡད་པའི་རྒན་རྒོན་ལ་གཟུགས་པོ་ཇི་འདྲ་ཡོད་མེད་བཀའ་འདྲི་གནང་བ་དང་། ནུས་རྒྱུ་འགན་ལེན་དང་མཁོ་སྤྲོད་ཁེ་ལས་ཀྱི་ལས་བཟོར་རེས་སྐོར་ངལ་གསོ་ཡོད་མེད་བཀའ་འདྲི་གནང་བ། ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་ཚོང་པར་ཚོང་གང་འདྲ་ཡོད་མེད་བཀའ་འདྲི་གནང་བ་སོགས། དྲོ་སྐྱིད་ལྡན་པའི་བཀའ་འདྲི་འདི་དག་ཚང་མ་མི་སེར་གྱི་བྱ་བ་ཆུང་ཙག་ཤ་སྟག་ཡིན་མོད། འོན་ཀྱང་འདི་དག་ལ“རྒྱལ་ཁབ་ཀྱི་དོན་ཆེན”འདུས་ཡོད་པས་གཙོ་འཛིན་དང་མི་སེར་གྱི་སེམས་པ་དམ་དུ་འབྲེལ་ཡོད།
    དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་པས་དམངས་འཚོར་དོན་ཆུང་མེད། མི་དམངས་དུང་ཕྱུར་མང་པོའི་དོན་ཆུང་ནི་གུང་ཁྲན་ཏང་མིའི་དོན་ཆེན་ཡིན་ཞིང་། དེ་ནི་ལོ་བརྒྱའི་དཀའ་སྡུག་དང་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བྲག་ཆ་འཁོར་བ་ཞིག་རེད་ལ། ལོ་བརྒྱའི་ཏང་ཆེན་པོས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་ཆེ་ཆུང་གི་རྩོད་སྒྲུབ་རིག་པ་ཞིག་ཀྱང་རེད།
    “དུས་རབས་གོང་མའི་ལོ་རབས་60པའི་དུས་མཇུག་ཏུ། ང་ཀྲུང་གོའི་ས་སེར་མཐོ་སྒང་གི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་ཞིང་པ་བྱེད་སྐབས། མི་སེར་གྱི་སོ་ནམ་ལས་ཀྱི་དཀའ་ངལ་དང་ལྟོ་གོས་ཀྱི་དཀའ་སྡུག་དངོས་སུ་ཚོར་བྱུང་ལ། ཁོ་ཚོའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ལའང་བག་ཆགས་ཟབ་མོ་བྱུང” 2022ལོའི་ཟླ་6པར་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་མོལ་ཚོགས་འདུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེང་ཅ་ཧོ་རུ་བཞུགས་མྱོང་བའི་སྐོར་སླར་ཡང་གླེང་གནང་བ་རེད།
    ལོ་ཟླའི་ཆུ་བོ་དྲག་ཏུ་རྒྱུག ས་སེར་མཐོ་སྒང་ནས་ཕེབས་པ་དང་གྲོང་གསེབ་ཀྱི་ཐོན་སྐྱེད་རུ་ཆེན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ནས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའི་བར་བློ་མཐུན་ཞི་ཅིན་ཕིང་གིས་དམངས་སེམས་གཏིང་ཟབ་མཁྱེན་ཞིང་དམངས་ཀྱི་ཆེད་དུ་ལེགས་སྐྱེས་ཕུལ་ཡོད།
    དམངས་ཀྱི་དོན་དག་ཐམས་ཅད་དོན་ཆུང་མིན། 2021ལོའི་དཔྱིད་ཀར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཤིས་ཀུའེ་ལིན་ཚའེ་དབན་གྲོང་རྡལ་མའོ་ཀྲུའུ་ཧྲན་གྲོང་ཚོའི་གྲོང་མི་ཝང་ཏེ་ལིའི་ཁྱིམ་དུ་ཕེབས་ནས་གནང་བའི་བཀའ་མོལ་ལ་དོན་སྙིང་ཟབ་མོ་ལྡན་ཡོད།
    “སྤྱི་ཁྱབ་ཧྲུའུ་ཅི་ལགས། ཁྱེད་ཉིད་རྒྱུན་དུ་མཛད་བྲེལ་ཆེན་པོ་ཡོད་རུང་། ང་ཚོར་གཟིགས་པར་ཕེབས་པར་བཀའ་དྲིན་ཆེ”
    “ང་བྲེལ་བ་ཆེ་བའི་བྱ་བ་འདི་དག་ལ་བྲེལ་བཞིན་ཡོད།‘རྒྱལ་ཁབ་ཀྱི་དོན་ཆེན’ནི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་རེད”
    “རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་རེད” སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ལ་མི་དམངས་ནི་གལ་ཆེ་ཤོས་རེད། “མི་སེར་ལ་ཕན་པའི་བྱ་བ་ཡིན་ཕྱིན་ཇི་ཙམ་ཆུང་ཡང་སྒྲུབ་དགོས” ཁྱིམ་ཚང་ཁྲི་སྟོང་མང་པོའི་དོན་ཆུང་ནི་སྤྱི་ཁྱབ་ཧྲུའུ་ཅིས་རྒྱུན་དུ་ཐུགས་ཁྲལ་གནང་བའི་དོན་ཆེན་ཤ་སྟག་རེད།
    ཕྱི་ལ་རྟོག་ཞིབ་གནང་བར་ཕེབས་སྐབས། ཆེད་མངགས་སྡེ་ཁུལ་དུ“ཚང་མས་ཚལ་ག་རེ་ཟ་གི་ཡོད་མེད”ལ་གཟིགས་པ་དང་། གྲོང་ཚོ་དང་དུད་ཚང་དུ་ཕེབས་ནས“ནད་གཞི་ལྟ་བར་འགན་ལེན་ཡོད་མེད”སྐོར་བཀའ་འདྲི་གནང་བ། ཧུའུ་པེ་རུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་རྟོག་ཞིབ་གནང་སྐབས།“ཝུའུ་ཧན་པས་ཉ་སོས་པ་ཟ་བར་དགའ་བས་ཆ་རྐྱེན་ཡོད་སྐབས་མཁོ་སྤྲོད་མང་ཙམ་བྱེད་དགོས”ཞེས་ཆེད་མངགས་མངགས་བཅོལ་གནང་བ་སོགས། གང་དུ་ཕེབས་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས་མི་སེར་གྱི་བྱ་བར་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། དོན་ཆུང་ཐུགས་ལ་བཅངས་པ་རྒྱལ་སྲིད་སྐྱོང་ལུགས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་ཁྱབ་ཡོད།
    “མི་དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྲིད་སྐྱོང་གི་བྱས་རྗེས་ཆེ་ཤོས་ཡིན་པ་གུང་ཁྲན་ཏང་མིས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས” དམངས་ལ་བདེ་སྐྱིད་ཇི་ལྟར་སྐྲུན་དགོས་སམ། “ང་ཚོས་མི་དམངས་མང་ཚོགས་ཀྱི་དོན་ཆུང་རྣམས་རང་ཉིད་ཀྱི་དོན་ཆེན་དུ་མཐའ་འཁྱོངས་རྩི་དགོས་པ”ནི་བྱ་བ་སྒྲུབ་པའི་ཐབས་ཤེས་ཤིག་ཡིན་པ་དང་། “ཆེ་སར་ལྟ་དགོས་ལ་ཆུང་ས་ཡང་དམ་འཛིན་བྱེད་དགོས་པ”ནི་བྱ་བ་གྲུབ་པའི་ཐབས་ལམ་ཞིག་རེད།
    ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འགོ་ཚུགས་པ་ནས་ཟླ་3ཚེས་8ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་པའི་གྲོས་ཞིབ་དང་གྲོས་བསྡུར་ལ་ཐེངས་3ཞུགས་ཡོད། 2013ལོ་ནས་2022ལོའི་བར་ལོ་བཅུའི་རིང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་པའི་གྲོས་ཞིབ་དང་གྲོས་བསྡུར་ལ་ཐེངས་53ཞུགས་ཏེ། མི་སེར་ཉེ་འགྲམ་གྱི་དོན་དག་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཁོང་གིས་ཡང་ཡང་གླེང་བ་དང་བསྟུད་མར་བཀའ་འདྲི་གནང་བ་རེད།
    ཀོང་ཏུང་གི་འཐུས་མི་ཚོགས་པར“ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་དུ་ད་ཆ་PM2.5ག་ཚོད་རེད”ཅེས་བཀའ་འདྲི་གནང་བ་དང་། ཧུའུ་ནན་གྱི་འཐུས་མི་ཚོགས་པར་གཟིགས་པར་ཕེབས་སྐབས། ཧྲི་པ་ཏུང་གྲོང་ཚོར“ན་ནིང་མི་ག་ཚོད་ལ་མནའ་མ་བླངས”པའི་སྐོར་ལ་ཐུགས་ཁུར་གནང་བ། སི་ཁྲོན་གྱི་འཐུས་མི་ཚོགས་པར་གཟིགས་པར་ཕེབས་སྐབས། “གཡང་གཟར་གྲོང་ཚོའི”ཕྲུ་གུ་རྣམས་ཐུགས་ལ་འཁོར་བ། མཚོ་སྔོན་གྱི་འཐུས་མི་ཚོགས་པར་ལོ་ཏོག་སྐྱེ་ཚུལ་དང་། སོ་ཕག་ཐོན་སྐྱེད། ནོར་ལུག་གི་ཤའི་གོང་ཚད་ལ་དོ་ཁུར་གནང་བ་སོགས་བཀའ་འདྲི་གནང་ཞིང་། བཀའ་ལན་ཕུལ་བའི་ནང་ཁོང་གིས་ཞིབ་བཤེར་གནང་བ་ནི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དོན་འཁྱོལ་བྱུང་མིན་དང་ཞིབ་ཚགས་ཡིན་མིན་དང་། ཐུགས་བསམ་བཞེས་པ་ནི་འབྱུང་འགྱུར་དང་འབྲེལ་བ་ཡོད་པའི་འཕེལ་རྒྱས་ཀྱི་ཇུས་ཆེན་རེད་ལ། མཚོན་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བརྗིད་ཆེའི་འཆར་འགོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་འདི་རེད།
    དམངས་འཚོའི“དོན་ཆུང”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ལ་ཅི་འདྲའི་ཆེན་པོ་དང་གལ་ཆེན་ཡིན་པ་རྟོགས་ཚེ། གཞི་ནས“ན་ཆུང་མིག་ཤེལ”འགོག་བཅོས་དང་།
     བཟའ་བཅའི་བདེ་འཇགས། ནུས་གཙང་དྲོད་ལེན། གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད། གད་སྙིགས་རིགས་དབྱེ་སོགས་མི་སེར་ལ་དཀའ་ངལ་བཟོ་བའི“དཀའ་ངལ་ཆུང་གྲས”དེ་དག་སྤྱི་ཁྱབ་ཧྲུའུ་ཅིའི་ཕྱག་ལས་དང་ཐུགས་ལ་ཉར་བ་དང་། དོན་དག་རེ་རེ་བཞིན་ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་གྱི་ཉིན་རེའི་གྲོས་རིམ་ནང་བཅུག་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་རྩེ་རིམ་ཇུས་འགོད་ནང་མཉམ་འདྲེས་ཡོང་བར་བྱས་པ། སྒྱུར་བཅོས་ཀྱི་དོ་སྣང་བྱ་གཞི་དང་ཤུགས་རྒྱག་ས་རེ་རེར་གྱུར་པ་བཅས་ལ་གོ་བ་གཏིང་ཟབ་ལེན་ཐུབ།
    རྒྱང་ལམ་གསར་པར་ཁ་ཕྱོགས་སྐབས་མི་སེར་ཚོའི་ངོ་གདོང་ནས་བཀྲག་མདངས་ཇི་ལྟར་འཕྱུར་བ་དེ་ལས་ཏང་ཡོན་ལས་བྱེད་པའི་འབད་འཐབ་དང་བདེ་སྐྱིད་ཀྱི་ཚད་གཞི་དེ་མངོན་ཞིང་། “ཁྱིམ་དུད་གཅིག་དང་ཐ་ན་མི་གཅིག་གི་གཞི་རྩའི་འཚོ་བའི་གནད་དོན་ཐག་གཅོད་ཐུབ་མེད་ཚེ། ང་ཚོས་དེར་སྣང་མེད་གཏོང་མི་རུང་། བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་མང་ཚོགས་ཀྱི་རེ་སྨོན་མངོན་འགྱུར་བྱུང་མེད་ཚེ། ང་ཚོས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མཉམ་དུ་འབད་འཐབ་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་ཁ་གསལ་ཞིང་ཤུགས་དང་ལྡན་པ་ཞིག་ཡོད།
    2016ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པར་གཟིགས་པར་ཕེབས་པ་དང་། ཁོང་གི་བཀའ་མོལ་རིང་པོ་དེ་མི་སེམས་ལ་གཏིང་ཟབ་ཟུག་ཡོད།
    སྐར་མ་20ཡི་རིང་སྤྱི་ཁྱབ་ཧྲུའུ་ཅིས་གཏམ་ལྕེབས་གནང་བ་ཚང་མ་མི་སེར་ཚོའི་ཉེ་འགྲམ་གྱི་དོན་དག་ཆུང་ཙག་རེད་ཅེས་ཁྲི་ཀ་རྫོང་ཏ་ཧྲེ་ཅ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་པི་ཧྲེང་ཀྲུང་གིས་སྤྲོ་བ་ཆེན་པོས་སྐབས་དེ་དུས་ཀྱི་སྐོར་བརྗོད།
    “ང་ཚོའི་ཕ་ཡུལ་གྱི་མི་སེར་ཚོ་ཁྱེད་ལ་ཧ་ཅང་དགའ་པོ་ཡོད”ཅེས་པི་ཧྲེང་ཀྲུང་གིས་སེམས་ནང་ཡུན་རིང་ཉར་པའི་སྐད་ཆ་དེ་ཁོང་ལ་ཞུས།