འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ས་མཐོར་མཁའ་ལམ་གསར་པ་བཏོད། འཕེལ་རྒྱས་མྱུར་ཚད་མགྱོགས་སུ་བཏང་།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་15ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།
    2021ལོའི་ཟླ་6པར་། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་གངས་ལྗོངས་ས་མཐོ“བསྐྱར་དར་རྟགས་ཅན”གྱི་དུས་རབས་སུ་དངོས་སུ་སླེབས་པ་དང་། བསོད་ནམས་དབང་གྲགས་ཀྱི་འཚོ་བ་ཡང་དུས་མཚམས་གསར་པར་སླེབས་ཡོད། ཁོང་ལྷ་ཉིང་ལྕགས་ལམ་གྱི་ཤུགས་འགྲེམས་མེ་འཁོར་གྱི་ཁ་ལོ་བར་བདམས་ནས་ལོ་རྒྱུས་ཐོག་གི་ཤུགས་འགྲེམས་མེ་འཁོར་གྱི་བོད་རིགས་ཁ་ལོ་བ་དང་པོར་གྱུར་ཡོད།
    1987ལོར་བསོད་ནམས་དབང་གྲགས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གི་ས་མ་འབྲོག་གི་ཁྱིམ་ཚང་ཞིག་ཏུ་སྐྱེས། 2003ལོར་ཁོང་ལན་ཀྲོའུ་ལྕགས་ལམ་འཕྲུལ་ཆས་སློབ་གྲྭར་རྒྱུགས་འཕྲོད། ཆབ་མདོ་ནས་ཉིན་གཉིས་དང་མཚན་གཅིག་གི་ཐག་རིང་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་ལྷ་སར་སླེབས་པ་དང་། ཡང་ཆུ་ཚོད་24རླངས་འཁོར་ལ་བསྡད་ནས་མཚོ་སྔོན་གོར་མོར་སླེབས་པ། མཇུག་ཏུ་གོར་མོ་ནས་ལན་ཀྲོའུ་བར་གྱི་མེ་འཁོར་ལ་བསྡད་དེ་སློབ་གྲྭར་བསྐྱོད་པ་རེད། དེ་ནི་བསོད་ནམས་དབང་གྲགས་མེ་འཁོར་ལ་སྡོད་ཐེངས་དང་པོ་རེད།
    2007ལོར་སློབ་གྲྭ་ཐོན་རྗེས་བསོད་ནམས་དབང་གྲགས་མཚོ་བོད་ལྕགས་ལམ་ཚོགས་པར་སླེབས་ནས་མེ་འཁོར་ཤར་གཏོང་ཐུབ་མ་ཐག་པའི་མཚོ་བོད་ལྕགས་ལམ་དུ་ལས་ཀ་བྱས་པ་རེད།
    ལོ་བཅུ་ལྷག་ཙམ་རིང་། བོད་ཀྱི་ལྕགས་ལམ་འགྲིམ་འགྲུལ་འཛུགས་སྐྲུན་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། ལྷ་གཞིས་ལྕགས་ལམ་དང་ལྷ་ཉིང་ལྕགས་ལམ་སྔ་རྗེས་སུ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ། ཁྲོན་བོད་ལྕགས་ལམ་སྐྲུན་འགོ་ཚུགས་པ། མིག་སྔར་ལྕགས་ལམ་གྱི་ལམ་ཐག་སྤྱི་ལེ་1400ཙམ་ཟིན་ཡོད་པ་རེད། བསོད་ནམས་དབང་གྲགས་ཀྱི་ཕུགས་འདུན་ཡང་བྱ་འཕུར་བ་ལྟ་བུའི“བསྐྱར་དར་རྟགས་ཅན”དང་འགྲོགས་ནས་མངོན་འགྱུར་བྱུང་ཡོད།
    བོད་ཀྱི་མང་ཚོགས་དེ་བས་མང་བར་འགྲིམ་འགྲུལ་ལས་ཕན་པ་ཐོབ་ཅིང་། ཉིང་ཁྲི་བབས་ཚུགས་ལས་ཉེ་འཁོར་གྱི་ཡུལ་མི་ཚོར་ལས་ཀའི་གོ་སྐབས་གསར་པ་ཞིག་རག་པ་སྟེ། ཉིང་ཁྲི་གྲོང་ཁྱེར་བུ་ཆུ་ཤང་རྩིག་རགས་གྲོང་ཚོའི་གྲོང་མི་བུ་མོ་ཨ་ཉིའུ་མེ་འཁོར་བབས་ཚུགས་ཀྱི་བདེ་འཇགས་ཞིབ་བཤེར་བ་ཞིག་ལ་གྱུར་ནས་ཟླ་རེར་ཡོང་འབབ་སྒོར་3000ལྷག་ཙམ་ཡོད་པ་དང་། རྡོ་སྟེང་གྲོང་ཚོའི་གྲོང་མི་ཕུན་ཚོགས་ཀྱིས་མེ་འཁོར་བབས་ཚུགས་སུ་སྐྱེལ་འདྲེན་ཚོང་གཉེར་བྱས་པ། གྲོང་ཚོའི་མི་མང་པོ་ཞིག་གིས་མེ་འཁོར་བབས་ཚུགས་སུ་ལས་མི་བྱས་ནས་ཡོང་འབབ་གསོག་གི་ཡོད།
    གངས་ལྗོངས་ས་མཐོར་གཞུང་ལམ་ཡང་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་ཅིང་། ཕད་མེ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དང་ཆབས་ཅིག ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དུ་ཁྲབ་མེ་གཞུང་ལམ་དང་ཕད་མེ་གཞུང་ལམ་གཉིས་ཤར་གཏོང་ཐུབ་ནས་འགྲིམ་འགྲུལ་ཤར་གཏོང་ཐུབ་ཚད་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།
   “ད་ཆ་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་ཚོགས་པ་མང་པོ་ཞིག་གིས་ང་ཚོ་དང་འབྲེལ་བ་བྱས་ནས་མེ་ཏོག་གི་འགྲོ་སྐྱོད་བཀོད་སྒྲིག་བྱེད་རྒྱུའི་རེ་བ་འདོན་གྱི་འདུག ང་ཚོའི་གྲོང་ཚོ་དེ་སྒེར་འཁོར་བཏང་ནས་མེ་ཏོག་ལ་ཡུལ་སྐོར་དུ་སྐྱོད་སའི་ལམ་ཐིག་ཐོག་ལྟ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད”ཅེས་མེ་ཏོག་རྫོང་དགྱེ་གླིང་གྲོང་ཚོའི་བཅའ་སྡོད་ལས་བྱེད་པ་ཧོང་ཅཱ་པིན་གྱིས་བརྗོད་པ་དང་། ཁོང་གིས“གཞུང་ལམ་ཤར་གཏོང་གི་ཆ་རྐྱེན་ལེགས་སུ་ཕྱིན་ནས་མི་དེ་བས་མང་བ་དེ་གར་མཛེས་ལྗོངས་མྱོང་རོལ་བྱེད་པར་ཡོང་གི་ཡོད། སྔོན་དཔག་བྱས་ན། འདི་ལོ་ཡུལ་སྐོར་གྱིས་ཡོང་འབབ་སྣ་ཚོགས་སྒོར་ཁྲི་60ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱེད་ཐུབ་རེད”ཅེས་བརྗོད་པ་རེད།
   “ན་ནིང་གི་ལོ་མཇུག་བར། བོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་12.14ཟིན་པ་དང་། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་662དང་སྲིད་འཛིན་གྲོང་ཚོ་4382ལ་ཨར་འདམ་ལམ་ཤར་གཏོང་ཐུབ་པ། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་612དང་སྲིད་འཛིན་གྲོང་ཚོ་3705ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད” ཅེས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་གཞོན་པ་ལིའུ་ཀྲི་ཆང་གིས་བརྗོད་པ་དང་། ཁོང་གིས“ས་མཐོར་མཁའ་ལམ་གསར་པ་བཏོད་པ་དང་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་དྲ་བས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབྱུང་རྩའི་སྒུལ་ཤུགས་བསྣན་ཡོད”ཅེས་བརྗོད་པ་རེད།