འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཙུང་ལི་ལི་ཆང་གིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་མཇལ་འཕྲད་གནང་ནས་
གསར་འགོད་པའི་དྲི་བར་ལན་བསྐྱོན་པ། (གནད་བསྡུས)

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་15ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་3ཚེས་13ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གསར་འགོད་པའི་ཚོགས་འདུ་འཚོགས་ཤིང་། ཚོགས་ཆེན་གྱི་མགྲིན་ཚབ་པ་ཝང་ཁྲའོ་ཡི་གདན་ཞུས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གསར་འགོད་པའི་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་ཡང་བསྐྱོན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་དང་། ཧོ་ལི་ཧྥུང་། ཀྲང་གོ་ཆིང་། ལིའུ་གོ་ཀྲུང་བཅས་ཚོགས་འདུར་ཞུགས་ཡོད། 
    ཟླ་3ཚེས་13ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཐོག་ཁང་གསུམ་པའི་གསེར་མདོག་ཚོམས་ཆེན་དུ་གསར་འགོད་པའི་ཚོགས་འདུར་ཕེབས་པ་དང་འབྲེལ་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
    ▶ སྐབས་གསར་པའི་སྲིད་གཞུང་གི་སྲིད་སྐྱོང་དམིགས་ཚད་དང་ལས་ཀའི་གཙོ་གནད་སྐོར་གླེང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པར་བཀོད་པའི་བརྗིད་ཆེའི་འཆར་གཞི་ལག་ལེན་བསྟར་དགོས།
    སྐབས་གསར་པའི་སྲིད་གཞུང་གི་ལས་དོན་ནི། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པར་བཀོད་པའི་བརྗིད་ཆེའི་འཆར་གཞི་ལག་བསྟར་བྱས་ནས། རྒྱལ་ཡོངས་མི་དམངས་དང་མཉམ་དུ་གོམ་པ་རེ་རེ་བཞིན་བརྗིད་ཆེའི་འཆར་གཞི་མཛེས་སྡུག་ལྡན་པའི་དོན་དངོས་སུ་སྒྱུར་དགོས།
     སྲིད་གཞུང་གི་ལས་དོན་སྐོར་གླེང་སྐབས། མི་སེར་གྱི་མྱོང་ཚོར་དངོས་དང་ཉེ་བར་བཅར་ནས་དམངས་ལ་རེ་སྒུག་ཡོད་པ་དང་། སྲིད་དོན་ལ་ལས་རྗེས་ཡོད་པར་བྱེད་དགོས།
    ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་སྲིད་གཞུང་གི་མི་དམངས་ཞེས་པའི་ཡིག་འབྲུ་འདི་ངེས་པར་དུ་སེམས་ལ་བརྟན་པོར་ངེས་ནས། དམངས་འཚོའི་དོན་དངོས་རེ་རེ་བཞིན་ཡག་པོ་ཏན་ཏིག་སྒྲུབ་དགོས། དངོས་ནས་བརྗོད་ན། མི་སེར་མང་ཆེ་བས་ཉིན་ལྟར་GDPཇི་ཙམ་འཕར་མིན་ལ་བལྟས་ནས་མི་སྡོད་པར། ཚང་མས་དེ་བས་དོ་སྣང་བྱེད་ས་ནི་སྡོད་ཁང་དང་། ལས་ཞུགས། ཡོང་འབབ། སློབ་གསོ། སྨན་བཅོས། སྐྱེ་ཁམས་ཁོར་ཡུག་སོགས་ཉེ་འགྲམ་གྱི་བྱ་བ་ཞིབ་ཕྲ་རེད། སྲིད་གཞུང་གི་ལས་དོན་ནི་མི་སེར་གྱི་མྱོང་ཚོར་དངོས་དང་ཉེ་བར་བཅར་ནས་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་དམངས་ལ་རེ་སྒུག་ཡོད་པ་དང་སྲིད་དོན་ལ་ལས་རྗེས་ཡོད་པར་བྱེད་དགོས།
    ▶ སྒྱུར་བཅོས་སྒོ་དབྱེའི་སྐོར་གླེང་བ། གང་ལྟར“སྒྱུར་བཅོས་ལ་བརྟེན་ནས་ཡོང་འབབ་གསོག་པ་དང་སྒོ་དབྱེའི་ལམ་དུ་སྐྱོད་དགོས”
     སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་རེད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ། གང་ལྟར“སྒྱུར་བཅོས་ལ་བརྟེན་ནས་ཡོང་འབབ་གསོག་པ་དང་སྒོ་དབྱེའི་ལམ་དུ་སྐྱོད་དགོས” སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་བྱེད་པའི་ཁ་ཕྱོགས་མཐའ་འཁྱོངས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་རིང་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
    ▶ ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལྗོངས་སྐོར་གླེང་བ། རླུང་བརྟེན་རླབས་གཤགས་ཀྱིས་མ་འོངས་པར་རེ་བས་ཁེངས་པ།
    ཀྲུང་གོའི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་120ཡན་ཟིན་ཞིང་། གཞི་གྲངས་ཧ་ཅང་མཐོ་བའི་ཁར། འདི་ལོ་འགྲན་སློང་གསར་པ་མི་ཉུང་བ་ཞིག་ཡོད་པས། འཕར་སྣོན་5%ཡི་ཡས་མས་མངོན་འགྱུར་བྱེད་པ་ནི་ལས་སླ་པོར་འགྲུབ་ཐུབ་པ་ཞིག་མིན་པས་འབད་བརྩོན་ལྡབ་འགྱུར་བྱེད་དགོས།
     འདི་ལོ་ང་ཚོར་དཀའ་ངལ་ཡང་མི་ཉུང་བ་ཞིག་འཕྲད་སྲིད་མོད། འོན་ཀྱང་སྐབས་གང་ཞིག་དང་ལོ་གང་ཞིག་ལ་དཀའ་ངལ་འཕྲད་མྱོང་མེད་པ་མིན། ང་ཚོས་སྔར་ནས་བཟུང་དཀའ་ངལ་ཁྱད་བསད་བྱེད་རིང་འཕེལ་རྒྱས་གསར་པ་ཟམ་མི་ཆད་པར་བརྩོན་ལེན་བྱེད་ཀྱི་ཡོད།
    ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལྗོངས་ཐད“རླུང་བརྟེན་རླབས་གཤགས་ཀྱིས་མ་འོངས་པར་རེ་བས་ཁེངས་པར”བསྡུས་ན་ཆོག དེའི་ཐད་ངར་ཡིད་ཆེས་ཆེན་པོ་ཡོད།
    ▶ ཤང་ཀང་དང་ཨའོ་མོན་གཉིས་ཀྱི་འཕེལ་རྒྱས་སྐོར་གླེང་བ། ཤང་ཀང་དང་ཨའོ་མོན་གྱི་གནས་བབ་དང་ནུས་པ་ཆེ་རུ་འགྲོ་བ་ལས་ཆུང་དུ་འགྲོ་མི་སྲིད།
    ཀྲུང་དབྱང་སྲིད་གཞུང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་གནད་འཁེལ་དང་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། ཤང་ཀང་དང་ཨའོ་མོན་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཉམ་འདྲེས་ཐུབ་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་། ཤང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར། ཤང་ཀང་དང་ཨའོ་མོན་གྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བཅས་བྱེད་དགོས། མེས་རྒྱལ་གྱི་འགྱུར་མེད་སྟོབས་ལྡན་གྱི་རྒྱབ་སྐྱོར་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་འགན་སྲུང་ཡོད་པས་ཤང་ཀང་དང་ཨའོ་མོན་གྱི་གནས་བབ་དང་ནུས་པ་ཆེ་རུ་འགྲོ་བ་ལས་ཆུང་དུ་འགྲོ་མི་སྲིད། ཤང་ཀང་དང་ཨའོ་མོན་གྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པར་འགྱུར་ངེས་རེད།
    ▶ དམངས་གཉེར་དཔལ་འབྱོར་སྐོར་གླེང་བ། འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ་དང་། འཕེལ་རྒྱས་ཀྱི་བར་མཐོངས་ཇེ་ཆེར་འགྲོ་སྲིད།
    “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”ནི་རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ཀྱི་ནང་དོན་གལ་ཆེན་ཞིག་དང་ཡུན་རིང་གི་ཐབས་ཇུས་ཤིག་ཡིན་པས། སྔོན་ཆད་འགྱུར་ལྡོག་གཏོང་མྱོང་མེད་ལ་སླད་ཕྱིན་ཡང་འགྱུར་ལྡོག་གཏང་མི་སྲིད། ན་ནིང་དུས་སྐབས་ཤིག་རིང་། སྤྱི་ཚོགས་ཐོག་གླེང་ཚུལ་ཡང་མ་དག་པ་འགའ་ཞིག་ཐོན་པ་ལས། དམངས་གཉེར་ཁེ་ལས་མཁན་ཅན་ཁག་གཅིག་ལ་སེམས་ཁྲལ་ཆེན་པོ་བྱུང་ཡོད། དོན་དུ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གནད་དོན་ཐད་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་རེད། དེའི་ཐད་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཚོགས་ཆེན་ཉི་ཤུ་པ་དང་། ན་ནིང་གི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་ནན་བཤད་བྱས་ཡོད། དེའི་ཐད། ང་ཚོ་དར་ཆ་གསལ་སྟོན་དང་བློ་བརྟན་འགྱུར་མེད་ཡིན།
     དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ་དང་འཕེལ་རྒྱས་ཀྱི་བར་མཐོངས་ཇེ་ཆེར་འགྲོ་སྲིད།
    ▶ མི་འབོར་གྱི་གནད་དོན་སྐོར་གླེང་བ། “མི་འབོར་གྱི་ཁེ་སྤོགས”མེད་པར་གྱུར་མེད་ལ“ཤེས་ལྡན་པའི་ཁེ་སྤོགས”འགྲུབ་བཞིན་ཡོད།
    མི་འབོར་གྱི་ཁེ་སྤོགས་ནི་སྤྱི་འབོར་ལ་ལྟ་དགོས་ལ་སྤུས་ཚད་ལའང་ལྟ་དགོས་པ་དང་། མི་འབོར་ལ་ལྟ་དགོས་ལ་ཤེས་ལྡན་པར་དེ་བས་ལྟ་དགོས། རང་རྒྱལ་ལ་ངལ་རྩོལ་ནུས་ཤུགས་དུང་ཕྱུར་9ཙམ་ཡོད་པ་དང་། ལོ་རེར་ངལ་རྩོལ་ནུས་ཤུགས་གསར་པ་ཁྲི་1500ཡན་ཟིན་པ་དང་། མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་ནི་སྔར་བཞིན་ཀྲུང་གོའི་དགེ་མཚན་མངོན་གསལ་དོད་ཤོས་ཤིག་རེད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། རང་རྒྱལ་གྱི་མཐོ་རིམ་སློབ་གསོ་མྱོང་བཞིན་པའི་མི་འབོར་དུང་ཕྱུར་2.4ཡན་ཟིན་ཡོད་པ་དང་། ངལ་རྩོལ་ནུས་ཤུགས་གསར་པའི་ཆ་སྙོམས་སློབ་གསོ་མྱོང་བའི་ལོ་ཚད་ལོ་14ཟིན་ཡོད། ང་ཚོའི“མི་འབོར་གྱི་ཁེ་སྤོགས”མེད་པར་གྱུར་མེད་ལ“ཤེས་ལྡན་པའི་ཁེ་སྤོགས”འགྲུབ་བཞིན་ཡོད་པས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་བཞིན་ཆེན་པོ་ལྡན་ཡོད་ཅེས་བརྗོད་ཆོག
    ▶ ངོགས་གཉིས་ཀྱི་འབྲེལ་བའི་སྐོར་གླེང་བ། སྤུན་ཟླ་ཐའེ་དབན་བ་དང་ཐའེ་དབན་གྱི་ཁེ་ལས་དེ་བས་མང་བ་ཡོང་འདོད་ཡོད་པ་མ་ཟད་མཉམ་འདྲེས་ཐུབ་པར་བྱས་ནས་འཕེལ་རྒྱས་ཡག་པོ་ཡོང་བར་བྱེད་དགོས།
    ངོགས་གཉིས་ཀྱི་སྤུན་ཟླ་ནི་ཁྱིམ་ཚང་གཅིག་ལྟར་ཡིན་པ་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ཡོད་པས། ཤ་ཆད་ཀྱང་རྒྱུད་པ་སྦྲེལ་ཡོད། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་གཅིག་མཐུན་ངོས་འཛིན”གྱི་རྨང་གཞིའི་ཐོག་ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། སྤུན་ཟླ་ཐའེ་དབན་བ་དང་ཐའེ་དབན་གྱི་ཁེ་ལས་དེ་བས་མང་བ་སྐམ་ས་ཆེན་པོར་ཡོང་འདོད་ཡོད་པ་མ་ཟད། མཉམ་འདྲེས་ཐུབ་པར་བྱས་ནས་འཕེལ་རྒྱས་ཡག་པོ་ཡོང་བར་བྱེད་དགོས།
    མིག་སྔར་ངོགས་གཉིས་ཀྱི་སྤུན་ཟླའི་རྒྱུན་གཏན་གྱི་འགྲོ་འོང་སྔ་ཙམ་མངོན་འགྱུར་ཡོང་བ་དང་ཁྱབ་ཁོངས་ཁག་གི་རྒྱུན་རྣམ་མཉམ་ལས་སླར་གསོ་ཐུབ་པར་བྱེད་པ་ནི་ཚང་མའི་ཐུན་མོང་གི་རེ་འདུན་ཡིན་པས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས།
    ▶ འབྲུ་རིགས་ཀྱི་བདེ་འཇགས་སྐོར་གླེང་བ། ཀྲུང་གོ་བ་དུང་ཕྱུར་14ལྷག་ཙམ་གྱི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།
     རང་རྒྱལ་གྱི་འབྲུ་རིགས་ཐོན་ཚད་ལོ་8བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.2ཡན་ཟིན་པ་དང་། སྤྱི་ཡོངས་ནས་བཤད་ན་འབྲུ་རིགས་བདེ་འཇགས་འགན་ལེན་བྱུང་ཡོད་པས། ང་ཚོས་རྨོ་ཞིང་དང་ས་བོན་གྱི“གནད་འགག་གཉིས”ལ་དམ་འཛིན་བྱས་ཏེ། འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ངས་འདི་གར་ཞིང་པ་གྲོགས་པོ་ཚོར། སྲིད་གཞུང་གིས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མང་དུ་གཏོང་བ་ལས་ཉུང་དུ་མི་གཏོང་བར། ཚང་མར་འབྲུ་རིགས་མང་ཙམ་འདེབས་པའི་ལྕག་སྐུལ་བྱས་ནས་ཀྲུང་གོ་བ་དུང་ཕྱུར་14ལྷག་ཙམ་གྱི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་ཞེས་པའི་སྐད་ཆ་དུམ་བུ་འདི་ཤོད་འདོད་ཆེན་པོ་འདུག
     ▶ ཕྱི་ཕྱོགས་སྒོ་དབྱེའི་སྐོར་གླེང་བ། ཀྲུང་གོའི་སྒོ་དབྱེའི་སྒོ་མོ་ཇི་ཙམ་ཕྱེ་ན་དེ་ཙམ་གྱིས་ཆེ་རུ་འགྲོ་སྲིད་པ་དང་། ཁོར་ཡུག་དེ་བས་ལེགས་སུ་འགྲོ་སྲིད་པ། ཞབས་འདེགས་དེ་བས་ལེགས་སུ་འགྲོ་སྲིད།
     ཕྱི་ཕྱོགས་སྒོ་དབྱེ་ནི་ང་ཚོའི་གཞི་རྩའི་རྒྱལ་ཇུས་ཤིག་རེད། ཕྱི་རོལ་གྱི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ང་ཚོས་བློ་བརྟན་འགྱུར་མེད་ངང་མདུན་ཕྱོགས་སུ་སྐུལ་འདེད་གཏོང་གི་ཡིན།
     སྒོ་དབྱེའི་ཀྲུང་གོའི་ཁྲོམ་ར་ཆེན་པོ་ནི་རྒྱལ་ཁབ་ཁག་གི་ཁེ་ལས་འཕེལ་རྒྱས་གཏོང་བའི་གོ་སྐབས་ཆེན་པོ་ཞིག་རེད།
     ད་ལོ། ང་ཚོས་ད་དུང་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་འབྲེལ་མཐུད་བྱས་ནས། སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་གི་ཡིན། ཀྲུང་གོའི་སྒོ་དབྱེའི་སྒོ་མོ་ཇི་ཙམ་ཕྱེ་ན་དེ་ཙམ་གྱིས་ཆེ་རུ་འགྲོ་སྲིད་པ་དང་། ཁོར་ཡུག་དེ་བས་ལེགས་སུ་འགྲོ་སྲིད་པ། ཞབས་འདེགས་དེ་བས་ལེགས་སུ་འགྲོ་སྲིད་པ། སྒོ་དབྱེའི་ཀྲུང་གོས་ཚང་མས་མ་དངུལ་བཏང་ནས་ལས་གཏོད་བྱེད་པར་དགའ་བསུ་ཞུ་གི་ཡིན།
    ▶ ཀྲུང་ཨའི་འབྲེལ་བའི་སྐོར་གླེང་བ། ཀྲུང་ཨའི་མཉམ་ལས་ལ་མདུན་ལམ་ཆེན་པོ་ལྡན་ཡོད། སྐོར་སྐྱིལ་དང་བཙན་གནོན་བྱས་ཚེ་ཕྱོགས་གཉིས་ཀར་ཕན་པ་གང་ཡང་མེད།
    ལོ་འདི་དག་རིང་ཨ་རིའི་རྒྱལ་ནང་གི་མི་འགའ་ཤས་ཀྱིས་རྒྱལ་ཁབ་གཉིས་པོའི་དབར“འབྲེལ་བ་གཅོད་པའི”སྐོར་གྱི་བཤད་ཚུལ་འུད་སྒྲོག་བྱེད་པ་དང་སྐབས་རེ་མང་པོ་ཤོད་ཀྱི་ཡོད། འོན་ཀྱང་མི་ག་ཚོད་ཙམ་ལ་འུད་སྒྲོག་འདི་རིགས་ནས་ཕན་པ་ཐོབ་པ་ངས་དངོས་འབྲེལ་ཤེས་མ་བྱུང་།
     ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཡིན་པས། ཕན་ཚུན་གཉིས་ཀར་ཕ་རོལ་པོའི་འཕེལ་རྒྱས་ནས་ཁེ་ཕན་ཐོབ་ཡོད།
    ཀྲུང་གོ་དང་ཨ་རི་མཉམ་ལས་བྱ་ཆོག་ལ་མཉམ་ལས་བྱེད་དགོས་ངེས་ཀྱང་རེད། ཀྲུང་གོ་དང་ཨ་རིའི་མཉམ་ལས་ལ་མདུན་ལམ་ཧ་ཅང་ཆེན་པོ་ལྡན་ཡོད། སྐོར་སྐྱིལ་དང་བཙན་གནོན་བྱས་ཚེ་ཕྱོགས་གཉིས་ཀར་ཕན་པ་གང་ཡང་མེད།
    ▶ ལས་ཀའི་སྤྱོད་ཚུལ་སྐོར་གླེང་བ། གཞུང་ལས་ཁང་དུ་ཕྲད་པ་ཚང་མ་གནད་དོན་དང་། གཞི་རིམ་ནས་མཐོང་བ་ཚང་མ་ཐབས་ཤེས་རེད།
    གཞུང་ལས་ཁང་དུ་ཕྲད་པ་ཚང་མ་གནད་དོན་དང་། གཞི་རིམ་ནས་མཐོང་བ་ཚང་མ་ཐབས་ཤེས་རེད། འཇོན་ཐང་ཅན་དམངས་ཁྲོད་དུ་ཡོད་པས། ང་ཚོས་རིམ་ཁག་ལས་བྱེད་པ་འཐབ་ས་དང་པོར་མང་ཙམ་བསྐྱོད་དེ་དགོས་མཁོ་དམངས་ལ་འདྲི་བ་དང་། ཐབས་ཇུས་དམངས་ལ་འདྲི་བ། མི་དམངས་མང་ཚོགས་ལ་སློབ་སྦྱོང་བཅས་བྱས་ནས། གཞི་རིམ་གྱི་གནད་དོན་དངོས་ཐག་གཅོད་དངོས་འབྲེལ་བྱེད་རོགས་བྱེད་དགོས་པ་དང་། ལྷག་པར་དུ་ལས་ཁུངས་ཆེན་པོར་ཡུན་རིང་ལས་ཀ་བྱེད་མཁན་ན་གཞོན་བློ་མཐུན་གཞི་རིམ་དུ་བསྐྱོད་པ་དང་གཞི་རིམ་ལ་བསམ་བློ་བཏང་སྟེ། མང་ཚོགས་དང་འབྲེལ་འདྲིས་དེ་བས་མང་བ་བྱེད་དགོས།
    ▶ ཞིབ་འགོད་དོ་དམ་སྐོར་གླེང་བ། ཁ་འགོག་ཐབས་ཁོ་ན་མི་བྱེད་པར་སྣུམ་ཡང་ཕྲན་བུ་སྟེར་དགོས་པ་དང་། ལམ་བགེགས་ཁོ་ན་མི་འཛུགས་པར་ལམ་རྟགས་ཀྱང་འཛུགས་དགོས།
    རིམ་ཁག་སྲིད་གཞུང་སྡེ་ཚན་དང་གཞུང་ཞབས་པར་ཞབས་ཞུའི་འདུ་ཤེས་དང་འཕེལ་རྒྱས་ཀྱི་འདུ་ཤེས་ལྡན་དགོས་པ་དང་། ལྷག་པར་དུ་ཞིབ་འགོད་དོ་དམ་གྱི་འགན་ནུས་སྒྲུབ་སྐབས། རླངས་འཁོར་ལ་ཆ་མཚོན་ན་ཁ་འགོག་ཐབས་ཁོ་ན་མི་བྱེད་པར་སྣུམ་ཡང་ཕྲན་བུ་སྟེར་དགོས་པ་དང་། ལམ་བགེགས་ཁོ་ན་མི་འཛུགས་པར་ལམ་རྟགས་ཀྱང་འཛུགས་དགོས། བྱ་བ་གང་ཞིག་བསྒྲུབས་ཀྱང་བསྒྲུབ་འོས་མིན་གྱི་རིན་ཐང་ལ་བརྟེན་ནས་བརྡར་ཤ་གཅོད་དགོས་པ་ལས། སྟབས་བདེའི་ངང་བསྒྲུབ་ཆོག་མིན་གྱི་ལག་རྩལ་ཁོ་ནར་བརྟེན་ནས་བརྡར་ཤ་གཅད་མི་རུང་།
    (ཡོངས་ཁུངས། མི་དམངས་ཉིན་རེའི་ཚགས་པར་གྱི་དུད་སྣེ་ནས)