འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་
གསུང་བཤད།

(2023ལོའི་ཟླ་3ཚེས་13ཉིན)

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་14ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཞི་ཅིན་ཕིང་།
    འཐུས་མི་རྣམ་པ་ཚོ།
    ད་ཐེངས་ཀྱི་ཚོགས་ཆེན་ལ་ང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་མུ་མཐུད་བདམས་འདུག འཐུས་མི་རྣམ་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ང་ལ་ཡིད་ཆེས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན།
    ད་ཐེངས་ནི་ངས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བླ་ན་མེད་པའི་ལས་འགན་འཁུར་ཐེངས་གསུམ་པ་ཡིན། མི་དམངས་ཀྱི་ཡིད་ཆེས་ནི་ངའི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཆེ་ཤོས་ཡིན་ལ། ངའི་ཕྲག་ཏུ་བབས་པའི་ལྗིད་ཏིག་ཏིག་གི་འགན་འཁྲི་ཡང་རེད། ངས་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་ནས། རྒྱལ་ཁབ་ཀྱི་དགོས་མཁོ་འགན་འཁྲིར་བརྩི་བ་དང་མི་དམངས་ཀྱི་ཁེ་ཕན་ཚད་གཞིར་བཟུང་སྟེ། རང་འགན་གཙང་སྒྲུབ་དང་བསམ་པ་རྣམ་དག་གིས་ལེགས་སྐྱེས་ཕུལ་ནས། འཐུས་མི་རྣམ་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན།
    འཐུས་མི་རྣམ་པ་ཚོ།
    ལོ་ངོ་ལྔ་སྟོང་ལྷག་གི་ཤེས་དཔལ་གྱི་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་ཐོག་འོད་སྟོང་གྲངས་མེད་བཏོད་ཡོད་ལ། དཀའ་སྡུག་དུ་མའང་མྱངས་ཡོད། ཉེ་རབས་ཀྱི་རྗེས་སུ་ཀྲུང་གོ་འདི་ཉིད་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་རིམ་བཞིན་གྱུར་ནས་བཙན་དབང་རྒྱལ་ཁབ་ཀྱི་བརྙས་བཅོས་ཕོག་པ་དང་། ཁ་ཐོར་ཡ་བྲལ་དུ་གྱུར་པ། དམག་འཁྲུག་ཡང་ཡང་ལངས་པ། མི་དམངས་རྣམས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུངས་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་རྗེས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ལོ་ངོ་བརྒྱ་འབད་འཐབ་བྱས་པ་བརྒྱུད་མི་རིགས་ཀྱི་མཚན་ཤས་མེད་པར་གྱུར་པ་དང་། ཀྲུང་གོ་མི་དམངས་རང་ཉིད་ཀྱི་ལས་དབང་གི་བདག་པོར་གྱུར་ནས་ཀྲུང་ཧྭ་མི་རིགས་ལ་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་ཆགས་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་བྱུང་ཞིང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད།
    ད་ལྟ་ནས་བཟུང་གི་དུས་རབས་འདིའི་དུས་དཀྱིལ་བར་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ལྟེ་བའི་ལས་འགན་རེད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱུན་མཐུད་ལས་འགན་དེ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ང་ཚོ་མི་རབས་འདིའི་ཕྲག་ཏུ་བབས་ཡོད། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། མཐུན་སྒྲིལ་འབད་འཐབ་དང་གསར་འབྱེད་གསར་གཏོད་བཅས་བྱས་ཏེ། རྒྱང་ལམ་གསར་པའི་ཐོག་དུས་རབས་དང་། ལོ་རྒྱུས། མི་དམངས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་བཞག་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་ཆེད་ང་ཚོ་མི་རབས་འདིས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།
    འཐུས་མི་རྣམ་པ་ཚོ།
    རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་ང་ཚོས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ། ཚན་རྩལ་གྱི་རང་ཚུགས་རང་སྟོབས་ཀྱི་ནུས་པ་ཆེ་རུ་གཏོང་བར་ཤུགས་རྒྱག་པ་བཅས་བྱས་ཏེ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད། དཔལ་འབྱོར་གྱི་སྤུས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་བཅས་བཏང་ནས་རང་རྒྱལ་གྱི་དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
    ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པར་མི་དམངས་ནི་ཐག་གཅོད་རང་བཞིན་གྱི་སྟོབས་ཤུགས་ཤིག་རེད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཧུར་ཐག་བཏང་ནས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་ཀྱི་འདུན་པ་མངོན་འགྱུར། མི་དམངས་ཀྱི་ཁེ་དབང་འགན་སྲུང་བཅས་བྱས་ཏེ་མི་དམངས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་གང་ལེགས་འཕེལ་བར་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ཏེ་བགོ་བཤའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་བ། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་ཕན་པ་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་ཐོབ་པ་བྱས་ཏེ་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བའི་ཐད་དེ་བས་མངོན་གསལ་དོད་པའི་འཕེལ་རིམ་ཟམ་མི་ཆད་པར་ཐོབ་པ་བྱེད་དགོས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། མཐུན་རྐྱེན་མཐའ་དག་སྐུལ་སློང་གང་ལེགས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
    ང་ཚོས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་སྔར་ལས་ལེགས་པར་བྱེད་དགོས། བདེ་འཇགས་ནི་འཕེལ་རྒྱས་ཀྱི་རྨང་གཞི་དང་བརྟན་ལྷིང་ནི་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྔོན་འགྲོ་རེད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་ལག་ལེན་བསྟར་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་སྲུང་བྱེད་དགོས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། མི་དམངས་དམག་དཔུང་དེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་ནུས་ལྡན་བྱེད་པའི་ངར་ལྕགས་ཀྱི་ལྕགས་རི་རིང་པོར་འཛུགས་སྐྱོང་བྱེད་དགོས།
    ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་དང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་ཏན་ཏིག་གཏོང་དགོས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བ་དང་ཁ་འབྲལ་ཐབས་མེད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་འཕྱུགས་མེད་དང་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་དགོས་པ་དང་། ཁྲིམས་ལྟར་ཤང་ཀང་དང་ཨའོ་མན་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་སྔར་ལས་ལེགས་པར་མཉམ་འདྲེས་ཡོང་བར་བྱེད་དགོས། མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བ་བྱེད་པ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་རེད་ལ། མི་རིགས་བསྐྱར་དར་གྱི་བརྗོད་གཞིའི་སྙིང་པོའང་རེད། དུས་རབས་གསར་པར་ཏང་གིས་ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་མཛད་ཇུས་ལག་ལེན་བསྟར་ཏེ་ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ། ཕྱི་རོལ་ཕྱོགས་གཏོགས་ཀྱི་ཐེ་ཇུས་དང“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས།
    ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་ཕན་པ་སྐྲུན་པ་དང་ཀྲུང་གོའི་འཕེལ་རྒྱས་ཀྱང་འཛམ་གླིང་དང་ཁ་འབྲལ་ཐབས་མེད། ང་ཚོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ། གོ་ལ་ཧྲིལ་པོའི་ཁྲོམ་ར་དང་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་རང་ངོས་འཕེལ་རྒྱས་གཏོང་དགོས་ལ་འཛམ་གླིང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱང་གཏོང་དགོས། ང་ཚོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ལག་ལེན་བསྟར་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་བརྟན་བརླིང་དང་དྲང་ནུས་སྔར་ལས་མང་པོ་སྣོན་པ་དང་རང་རྒྱལ་གྱི་འཕེལ་རྒྱས་ལ་རྒྱལ་སྤྱིའི་ཁོར་ཡུག་ཡག་པོ་སྐྲུན་དགོས།
    འཐུས་མི་རྣམ་པ་ཚོ།
    རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་ཏང་དར་རྒྱས་བྱུང་ན་གཞི་ནས་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་ཀྱི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱས་ནས་རང་ངོས་གསར་བརྗེ་བྱེད་ཕོད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པ། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅས་བྱས་ནས་ཏང་ནམ་ཡང་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།
    འཐུས་མི་རྣམ་པ་ཚོ།
    རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་ཀྱིས་མི་རྣམས་ལ་སྐུལ་མ་ཐེབས་བཞིན་ཡོད། ང་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ། གཞུང་འཁྱོངས་གསར་གཏོད་མཐའ་འཁྱོངས། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་བཅས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཆེད་དུ་རྒྱུན་ཆད་མེད་པར་ནུས་པ་འདོན་པ་དང་གཟི་བརྗིད་སྣོན་དགོས།
    ལྷན་རྒྱས་ཐུགས་རྗེ་ཆེ།
   (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་13ཉིན་འབྱོར་བའི་གློག་འཕྲིན)