འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལི་ཆང་གིས་སྐབས་གསར་པའི་སྲིད་གཞུང་གི་སྲིད་སྐྱོང་དམིགས་ཚད་དང་ལས་ཀའི་གཙོ་གནད་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་13ཉིན། 16:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ལི་ཆང་གིས་སྐབས་གསར་པའི་སྲིད་གཞུང་གི་སྲིད་སྐྱོང་དམིགས་ཚད་དང་ལས་ཀའི་གཙོ་གནད་སྐོར་གླེང་བ།
     ཚེས་13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་མི་དམངས་ཚོགས་ཁང་ཆེན་མོའི་ཐོག་བརྩེགས་གསུམ་པའི་གསེར་མདོག་ཚོམས་ཆེན་དུ་གསར་འགོད་པའི་ཚོགས་འདུར་ཕེབས་པ་དང་འབྲེལ། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
     གསར་འགོད་པ་ཞིག་གིས་དྲིས་དོན།
     སྐབས་གསར་པའི་སྲིད་གཞུང་གི་སྲིད་སྐྱོང་དམིགས་ཡུལ་གང་ཡིན་ནམ། ལས་ཀའི་གཙོ་གནད་གང་དག་ཡོད་དམ། མ་འོངས་པར་ཇི་ལྟར་བྱས་ནས་ལས་དོན་སྤེལ་རྒྱུ་ཡིན་ནམ།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་གསུངས་དོན།
     ན་ནིང་ཟླ་བཅུ་པར་འཚོགས་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་རང་རེའི་རྒྱལ་ཁབ་ཀྱི་སླད་ཕྱིན་གྱི་ལོ་ལྔ་དང་དུས་ཡུན་དེ་བས་རིང་བའི་འཕེལ་རྒྱས་གཏོང་བར་ཕྱོགས་ཡོངས་ནས་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཡོད། ཚང་མས་དོ་ཁུར་ཅུང་ཆེན་པོ་བྱེད་པའི་གནད་དོན་གལ་ཆེན་ཚང་མ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ནས་ལན་གསལ་པོ་རྙེད་ཐུབ། 
     སྐབས་གསར་པའི་སྲིད་གཞུང་གི་ལས་དོན་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བཀོད་པའི་འཆར་འགོད་དེ་བྱ་བ་དངོས་སུ་བསྒྱུར་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་གོམ་པ་རེ་རེ་བཞིན་སྤོས་ཏེ། བརྗིད་ཉམས་ལྡན་པའི་འཆར་འགོད་དེ་མཇེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་དགོས། 
     རྗེས་ཕྱོགས་ཀྱི་ལས་དོན་ནང་དུ་ནང་དུ་ཕྱོགས་འདི་དག་ནི་ང་ཚོས་གཙོ་གནད་དུ་བཟུང་སྟེ་ཁོང་དུ་ཆུད་པ་བྱ་དགོས་པ་སྟེ། 
     གཅིག་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་དགོས། མཐར་གཏུགས་ནས་བཤད་ན། ཏང་དང་སྲིད་གཞུང་གི་ལས་དོན་ཐམས་ཅད་ཀྱི་དམིགས་ཡུལ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན”ཞེས་གསུངས་ཡོད། ང་ཚོས་དུས་ནམ་ཡིན་ཡང་མི་དམངས་སྲིད་གཞུང་གི་མདུན་གྱི“མི་དམངས”ཞེས་པའི་ཡིག་འབྲུ་འདི་གཉིས་ཡིད་ལ་བརྟན་པོར་བཅངས་ཏེ། དམངས་འཚོའི་དོན་དངོས་རེ་རེ་བཞིན་ཏན་ཏིག་གིས་ལེགས་པར་བསྒྲུབ་དགོས། ཕྱི་རོལ་ཡུལ་ནས་བཤད་ན། མི་སེར་མང་ཆེ་བས་ཉིན་རེར་GDPཇི་ཙམ་འཕར་མིན་ལ་ཅེར་ནས་མི་སྡོད་པར། ཚང་མས་དེ་བས་དོ་སྣང་བྱེད་ས་ནི་སྡོད་ཁང་དང་། ལས་ཞུགས། ཡོང་འབབ། སློབ་གསོ། སྨན་བཅོས། སྣོད་བཅུད་ཁོར་ཡུག་སོགས་ཉེ་འགྲམ་གྱི་ཞིབ་ཕྲའི་བྱ་བ་རེད། སྲིད་གཞུང་གི་ལས་དོན་ནི་མི་སེར་གྱི་མྱོང་ཚོར་དངོས་དང་ཉེ་བར་བཅར་ནས་ཇུས་འགོད་དང་། སྐུལ་འདེད་བཏང་སྟེ་དམངས་ལ་རེ་འདུན་ཡོད་ན་སྲིད་གཞུང་གིས་དེ་ལྟར་དངོས་སུ་བསྒྲུབ་ཐུབ་པ་བྱེད་དགོས། 
     གཉིས་པ་ནི་སྟོབས་ཤུགས་གཅིག་བསྡུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ད་ཐེངས་ཀྱི་ཚོགས་འདུ་གཉིས་ཀྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དེ་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་ཞེས་དམིགས་སུ་བཀར་ནས་ནན་བཤད་གནང་བ་རེད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དང་། དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་ཡོད། འོན་ཀྱང་འཕེལ་རྒྱས་ད་དུང་དོ་མི་མཉམ་ལ་གང་ལེགས་བྱུང་མེད། བསྡོམས་འབོར་གྱི་དམིགས་ཚད་གང་ཞིག་ཡིན་རུང་མི་འབོར་དུང་ཕྱུར་14ལྷག་ཙམ་གྱི་གཞི་གྲངས་ཐོག་ཆ་བགོས་བྱས་ན། མི་རེའི་ཆ་སྙོམས་ཀྱི་ཆུ་ཚད་ལ་ཚད་གཞི་ཅུང་ཡོད། ད་ལྟ། ང་ཚོའི་འཕེལ་རྒྱས་ནི་གནད་དོན“ཡོད་མེད”ཐག་གཅོད་བྱ་རྒྱུ་ཁོ་ན་ཙམ་ཡིན་ཞིང་། གོམ་སྟབས་རྗེས་མར། “བཟང་མིན”གྱི་གནད་དོན་ཐག་གཅོད་པར་སྔར་བས་མཐོང་ཆེན་བྱ་དགོས་པ་དང་། ལྷག་པར་དུ་ཚན་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་སོགས་རེད། སྤྱི་ཡོངས་ནས་བཤད་ན། ང་ཚོས་ཆ་ཚང་དང་། ཡང་དག་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
     གསུམ་ནི་བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་དགོས། བསྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྱི་ཀྲུང་གོའི་ལས་དབང་ལ་ཐུག་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན་ཞིང་། ང་ཚོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ལོ་ངོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་། སྔར་བཞིན“བསྒྱུར་བཅོས་ཀྱི་ལྟོ་ཆས་ཟ་བ་དང་། སྒོ་འབྱེད་ཀྱི་ལམ་བུར་སྐྱོད་པ”བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་བསྒྱུར་བཅོས་བྱེད་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་ཁྲོད་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་དང་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།