༄༅།།ཨུ་ཡོན་འདིས་རྩྭ་ཐང་གི་སྣོད་བཅུད་དང་དམངས་འཚོའི་ཐད་བཤད་དོན།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 03ཚེས་11ཉིན། 14:37】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
སྲིད་གྲོས་ཨུ་ཡོན་ཞུས་རུའེ་ཞ་ཡིས། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ནི་རང་རྒྱལ་གྱི་རྩྭ་ཐང་དང་འབྲོག་ཁུལ་དུ་ཁྱབ་རྒྱ་ཆེ་ཤོས་དང་། ཞིང་འབྲོག་མང་ཚོགས་དང་འབྲེལ་བ་ཡོད་པའི་རྩྭ་ཐང་དང་དམངས་གཉིས་ལ་ཕན་པའི་སྲིད་ཇུས་ཤིག་རེད་ཅེས་བཤད། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་ནང་སོག་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་གཞོན་པ་ཞུས་རུའེ་ཞ་ཡིས་གནང་བའི་གྲོས་གཞི་དེ་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་དང་འབྲེལ་བ་དམ་ཟབ་ཡོད།
ཞུས་རུའེ་ཞ་ཡིས་ངོ་སྤྲོད་བྱས་དོན། ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། ཞིང་འབྲོག་དུད་ཚང་ཁྲི་1200ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། རྩྭ་ཐང་མུའུ་དུང་ཕྱུར་38.2ཉམས་པ་སོར་ཆུད་དང་། མི་ཉམས་སྐྱེ་འཕེལ་བྱུང་ནས་རྩྭ་ཐང་གི་སྣོད་བཅུད་རྒྱུན་མཐུད་ངང་སླར་གསོ་བྱུང་ཡོད།
རི་ཆུ་ནགས་དང་ཞིང་མཚེའུ་དང་རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ནང་སོག་གི་རྩྭ་ཐང་ཉམས་པ་སོར་ཆུད་དང་མི་ཉམས་སྐྱེ་འཕེལ་བྱུང་བ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཡང་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། ཞུས་རུའེ་ཞ་ཡིས་ངོ་སྤྲོད་བྱས་དོན། འབྲོག་པ་མི་ཉུང་བ་ཞིག་གིས་ད་དུང་མཛེས་སྡུག་ལྡན་པའི་རྩྭ་ཐང་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ཡོད།
ཞུས་རུའེ་ཞ་ཡིས། རྩྭ་ཐང་གི་གནོད་འཚེའི་འགན་བཅོལ་ལམ་སྲོལ་འཛུགས་པ་དང་། འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་རྨང་གཞིའི་འགན་ལེན་བྱ་ཤུགས་ཆེ་རུ་གཏོང་བ། རྩྭ་ཐང་གི་རང་བྱུང་གནོད་འཚེ་ལ་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་བ། འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་འབྱུང་འགྱུར་གྱི་སེམས་ཁྲལ་ཐག་གཅོད་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
རྩྭ་ཐང་བེད་སྤྱོད་མ་བྱས་ན་མི་འགྲིག་ཅིང་། བེད་སྤྱོད་བྱས་དྲགས་ནའང་མི་འགྲིག ཞུས་རུའེ་ཞ་ཡིས། རྩྭ་ཐང་སྣོད་བཅུད་ཀྱི་རིན་ཐང་ཁ་གསབ་རྣམ་གྲངས་མང་དུ་གཏོང་བ་དང་། ཁ་གསབ་བྱ་དགའི་ཕན་འབྲས་ལ་གདེང་འཇོག་སྔར་ལས་ལེགས་སུ་གཏོང་བ་དང་། ཕྱུགས་ལ་གདེང་འཇོག་བྱེད་པ་ནས་རྩྭ་ཐང་ལ་གདེང་འཇོག་བྱེད་པར་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་མ་ཟད། སྣོད་བཅུད་ཞབས་ཞུའི་རིན་ཐང་ཁ་གསབ་ཀྱི་རྩ་དོན་གཞིར་བཟུང་། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་པར་ཁ་གསབ་མཁོ་འདོན་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།
གོམ་སྟབས་རྗེས་མར། རྩྭ་ཐང་གི་སྣོད་བཅུད་དང་དམངས་འཚོ་གཉིས་ཁེ་ཡོང་ཆེད་མུ་མཐུད་ཐབས་དང་ཇུས་འདོན་རྒྱུ་ཡིན་ཟེར། འགན་འཁྲི་སྒྲུབ་པའི་འཆར་གཞིའི་སྐོར་གླེང་སྐབས་ཞུས་རུའེ་ཞ་ཡིས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།