འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དམིགས་ཚད་གསར་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་སླར་ཡང་རྡོག་ཐོན་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་11ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
          མི་དམངས་དུང་ཕྱུར་མང་པོས་དཔའ་ངར་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་འཇུག་བྱེད་པའི་མཚམས་སུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་པ་བདམས་པ་མ་ཟད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་རེད། དེ་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་གང་ལེགས་མཚོན་ཡོད་ལ། ཏང་གི་འདོད་བློ་དང་། མི་དམངས་ཀྱི་འདོད་བློ། རྒྱལ་ཁབ་ཀྱི་འདོད་བློ་བཅས་ཚད་མཐོའི་གཅིག་གྱུར་ཡིན་པ་གང་ལེགས་མཚོན་ནས། མི་དམངས་དུང་ཕྱུར་མང་པོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སྙིང་སྟོབས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་གཏན་འཁེལ་བའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱ་ཆེད་མཉམ་དུ་འབད་འཐབ་བྱེད་པར་སྐུལ་ལྕག་ཆེན་པོ་ཐེབས་ཡོད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་དང་། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་རླབས་པོ་ཆེ་དང་། ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ལ་བརྟེན་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་སྟེ་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ་དང་དཀའ་ངལ་ལ་མི་འཛེམས་པར་མདུན་སྐྱོད་ཀྱིས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་མང་པོ་བྱས་པ་དང་ཆབ་སྲིད་དང་། དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཐད་ཀྱི་ཉེན་ཁ་དང་འགྲན་སློང་གི་ཉམས་སད་ཐེག་ནས། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་རླབས་པོ་ཆེ་གཏོད་པ་བཅས་བྱས་ནས་རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་པར་སྐུལ་འདེད་བཏང་ཡོད།
     དུས་རབས་གསར་པ་ཤར་ཚུན་གྱི་ལོ་བཅུའི་རིང་། ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་བརྒྱུད་རིམ་རྒྱུན་གཏན་དང་སྤྱིར་བཏང་གཏན་ནས་མིན་ལ། ང་ཚོར་འཕྲད་པའི་དུས་བབ་རྙོག་འཛིང་ཆེ་བ་དང་། འཐབ་རྩོད་ཛ་དྲག་ཆེ་བ། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་བ་བཅས་འཛམ་གླིང་དང་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་གཏན་འཁེལ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པར་བརྟེན། ཏང་གིས་ཡུན་རིང་སྲིད་སྐྱོང་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་བདེ་སྐྱིད་ཁམས་བདེ་བཅས་ལ་ཤུགས་རྐྱེན་ཐེབས་པའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཏང་གིས་ཐག་གཅོད་ནུས་ལྡན་བྱས་པ་དང་། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་མེད་པར་བཟོས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པར་རྩ་བ་ནས་འགན་ལེན་ཏན་ཏིག་བྱས་ཡོད། “གཏན་འཁེལ་གཉིས”ནི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་། གཏན་འཁེལ་མེད་པའི་རང་བཞིན་ཡོད་དོ་ཅོག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གདེང་སྤོབས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཞིག་ཡིན་པས། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་པ་ནི་ཏང་སེམས་ཕྱོགས་ས་དང་། དམངས་ཀྱི་རེ་འདུན། ཀུན་གྱིས་རེ་བ་བཅོལ་ས་བཅས་ཡིན་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་འགོ་ཁྲིད་པ་བཅས་ཀྱི“ཕྱོགས་གསུམ་གཞི་གཅིག”གི་འགོ་ཁྲིད་སྒྲིག་སྲོལ་གྱི་ལམ་ལུགས་བཀོད་སྒྲིག་མཚོན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཡང་མཚོན་ཡོད་པས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་སྒྲིག་སྲོལ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བཅས་བྱེད་པར་ཕན་ཐོགས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཆབ་སྲིད་དང་རྩ་འཛུགས་ཀྱི་རྩ་བའི་རྨང་གཞི་བརྟན་པོ་བཏིང་ཡོད།
     ཏང་གི་ཚོགས་ཆེན་ཉི་ཤུ་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་ལ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁ་གསལ་བཏོན་ཡོད། རྒྱང་ལམ་གསར་པ་ནི་གཟི་བརྗིད་ལྡན་ལ་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་རེད། ད་ཆ་ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བ་དང་དེ་བས་ཐག་ཉེ་བ་དང་། དེ་བས་ཡིད་ཆེས་དང་ནུས་པ་ལྡན་ཡོད། དེ་དང་དུས་མཚུངས་ངེས་པར་དུ་དཀའ་ཚེགས་དེ་བས་ཆེ་བ་དང་དཀའ་སྤྱད་དེ་བས་ཆེ་བའི་འབད་བརྩོན་བྱེད་དགོས་ལ། དཀའ་ངལ་གྱི་ཚོད་བགམ་གལ་ཆེན་གྱི་ཉམས་སད་ཐེག་པའང་བྱེད་དགོས། དམིགས་ཚད་གསར་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་སླར་ཡང་རྡོག་ཐོན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་དེ་བས་རང་རྟོགས་ངང་སྲུང་སྐྱོང་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་དེ་བས་རང་རྟོགས་ངང་སྲུང་སྐྱོང་། བློ་བརྟན་འགྱུར་མེད་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་མཐའ་འཁྱོངས། བློ་ཁ་གཅིག་ལ་ཕྱོགས་པ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཚེ། དཀའ་ངལ་དང་ཉེན་ཁ་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་དཔའ་ངར་ཆེན་པོས་མདུན་སྐྱོད་ཐུབ་སྟེ་ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་འཕེལ་རྒྱས་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཐུབ་ངེས་རེད།
     ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། རང་རྟོན་རང་སྟོབས། གཞུང་འཁྱོངས་གསར་འབྱེད། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་དུས་རབས་ཀྱི་འོད་སྟོང་གསར་པ་དང་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་དགོས།