འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས་འདི་འདྲ་གསུངས་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་06ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས་འདི་འདྲ་གསུངས་འདུག
     ལོ་ངོ་ལྔའི་གོང་། ལོ་29ལ་སླེབས་པའི་བཀྲ་ཤིས་རྒྱལ་མཚན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིར་བདམས་པ་དང་། ཐེངས་དང་པོར་མི་དམངས་ཚོགས་ཁང་ཆེན་མོར་བསྐྱོད་པའི་ཁོང་ལ་སྤོབས་སེམས་སྐྱེ་ལ་སེམས་འགུལ་ཡང་ཐེབས། དེའི་རྗེས་ཀྱི་ལོ་རེ་རེར་ཁོ་རང་ནར་སོན་བཞིན་ཡོད་ལ་སྤོབས་སེམས་ཀྱང་ཇེ་ཆེར་གྱུར་ཡོད། 
     བཀྲ་ཤིས་རྒྱལ་མཚན་གྱིས། དེང་རབས་ཀྱི་ཀྲུང་གོའི་གཞོན་ནུ་ཚོ་དུས་སྐབས་བཟང་པོར་སླེབས་ཡོད། རང་ཉིད་འཚར་ལོངས་ཡོང་བཞིན་པ་དང་ལྷག་པར་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་སླར་ཡང་བདམས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་ལྷོ་པ་རིགས་ཀྱི་མི་དམངས་ལ་གནང་བའི་ཐུགས་ཁུར་ཟབ་མོ་ཡིན་ལ། རྩ་འཛུགས་དང་མི་དམངས་ཀྱིས་ང་ལ་ཡིད་ཆེས་ཆེན་པོ་གནང་བ་ཞིག་ཀྱང་ཡིན་པས། ང་ལ་ལས་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་ལྕི་པོ་ཡོད་པའི་ཚོར་སྣང་ཡོད་ཅེས་གསུངས་པ་རེད། ད་ལོ་ལོ་34ལ་སླེབས་པའི་འཐུས་མི་རྒན་གྲས་ཞིག་གི་ངོ་གདོང་དུ་དུས་དང་རྣམ་པ་ཀུན་ཏུ་ཡིད་ཆེས་ཀྱིས་ཁེངས་ཤིང་། ཚོགས་འདུ་མ་འཚོག་གོང་དང་འཚོག་པའི་སྐབས་སུ། འཐུས་མི་གསར་པ་དང་འགན་འཁྲི་བསྒྲུབས་པའི་ཉམས་མྱོང་མཉམ་སྤྱོད་ཧུར་ཐག་བྱས་ཡོད།
     2012ལོར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཤིང་། བཀྲ་ཤིས་རྒྱལ་མཚན་ཡང་ལོ་དེར་ལས་ཀར་ཞུགས། 2021ལོར་བཀྲ་ཤིས་རྒྱལ་མཚན་གྱིས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ནས་ལས་གནས་སྤོར་ཏེ་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཤང་ཀྲང་གི་འགན་འཁུར་དུ་བཅུག ལས་གནས་འཁུར་བ་ནས་བཟུང་། ཁོང་ཉིད་ཤང་གི་ས་ཆ་རེ་རེར་བསྐྱོད་པ་དང་། མང་ཚོགས་མང་ཆེ་བར་འཚམས་འདྲི་གནང་བ། མཐའ་མཚམས་འཛུགས་སྐྲུན་དང་། མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བ། མཐའ་མཚམས་བརྟན་གཏོང་དང་མཐའ་སྲུང་སོགས་ཐད་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བ་རེད། ཏང་དང་སྲིད་གཞུང་གིས་ང་ཚོར་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པ། དཔེར་ན། སྲིད་ཇུས་རང་བཞིན་གྱི་ཁ་གསབ་དང་ནགས་སྲུང་བ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་མཁོ་འདོན་གནང་བ་དང་། ཕྱོགས་གང་ས་ཅི་ཐད་ཀྱི་སྲིད་ཇུས་ཀྱིས་ཐོན་སྐྱེད་དང་འཚོ་བར་འགན་ལེན་ཡག་པོ་བྱས་ཡོད། ང་ཚོས་བདེ་སྡོད་ལས་བརྩོན་ཐུབ་ཡོད་པས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བརྟན་སྲུང་བྱེད་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་མཁན་ཞིག་ཏུ་བློ་བརྟན་འགྱུར་མེད་ངང་འགྱུར་བ་བྱེད་དགོས་ཅེས་མཐའ་མཚམས་མང་ཚོགས་ཀྱིས་བཤད་པའི་་སྐད་ཆ་དེར་བཀྲ་ཤིས་རྒྱལ་མཚན་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།
     མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡག་པོ་ཞིག་བྱེད་པར་དང་ཐོག་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་ཟམ་མི་ཆད་པར་བྱས་ཚེ་གཞི་ནས་རྒྱུན་ཆད་མེད་པར་རང་ཉིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། འཐུས་ཚང་དུ་གཏོང་བ་བཅས་བྱེད་ཐུབ་པ་དང་། གཞི་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་ཐུབ་པ། གཞི་ནས་ཐོག་མཐའ་བར་གསུམ་དུ་དུས་རབས་འཕེལ་རྒྱས་འགྲོ་བའི་གོམ་སྟབས་ཀྱི་རྗེས་ཟིན་ཐུབ་པ། གཞི་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་འགན་ལྕི་པོ་འཁུར་ཐུབ། གཉིས་ནས་འབྲེལ་བའི་ཐད་ཀྱི་ཟམ་པ་ཡག་པོ་ཞིག་བྱས་ནས། མང་ཚོགས་ཀྱི་ཁེ་ཕན་ལ་དོ་ཁུར་བྱེད་མཁན་གྱི་སྙིང་ཉེ་བ་དང་། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་མཁན་གྱི་སྤྲོ་སེམས་ཅན། མང་ཚོགས་ཀྱི་བསམ་འདུན་མཚོན་པར་བྱེད་མཁན་གྱི་མགྲིན་ཚབ་པ་བཅས་བྱེད་དགོས། གསུམ་ནས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རང་ཉིད་ཀྱི་འཚོ་བ་དང་། ལས་ཀའི་ལག་ལེན་ཁྲོད་འཐུས་མིའི་འགན་འཁྲི་ཧུར་ཐག་བསྒྲུབས་ནས། འཐུས་མིའི་ཉམས་འགྱུར་མངོན་པ་བྱེད་དགོས་ཞེས་བཤད་པ་རེད། 
     ལོ་དེ་དག་ནང་བཀྲ་ཤིས་རྒྱལ་མཚན་གྱིས་འབོད་སྐུལ་བྱས་པར་མ་ཟད། མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་མང་ཚོགས་ཚོར་ཚ་ཚ་འུར་འུར་ངང་ལས་ཀ་བྱས་ཡོད། ལྷུན་རྩེ་རྫོང་གི་རྒྱབ་སྐྱོར་འོག་ཤང་གི་ནང་དུ་ཁྱིམ་ཚང་མགྲོན་ཁང་བཙུགས་པས་མི་དེ་བས་མང་བས་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཡུལ་སྲོལ་གོམས་འདྲིས་ཉམས་ལེན་ཐུབ་པར་མ་ཟད། ད་དུང་གྲོང་མིར་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་ཡོད། མིག་སྔར་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་སྲིད་འཛིན་གྲོང་ཚོ་3ལ་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་དང་། གློག་ཤར་གཏོང་ཐུབ་པ་དང་། རང་འབབ་ཆུ་འཁྲིད་ཐུབ་པ། གཞི་རྩའི་ཆ་ནས་ཨར་འདམ་ལམ་ཤར་གཏོང་ཐུབ་པ། མང་ཚོགས་ཀྱི་ཟས་གོས་འགྲོ་སྡོད་བཞི་ཡི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་པ། 2022ལོར་ཤང་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.6ལས་བརྒལ་ཡོད་པ་རེད།
     ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མངགས་གསུང་བཤད་དུམ་བུ་ཞིག་གི་ཐོག་ནས། གཞོན་ནུ་ཚོར་མངགས་བཅོལ་ཟབ་མོ་བྱས་ཡོད། བཀྲ་ཤིས་རྒྱལ་མཚན་གྱིས་འབད་འཐབ་བྱེད་པའི་ལང་ཚོ་ནི་གདེང་ཚོད་ཆེ་ཤོས་དང་མཛེས་སྡུག་ལྡན་ཤོས་ཡིན། ད་ཆ་ངའི་ཕ་ཡུལ་ཕྱུག་པོ་ཆགས་པ་དང་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་སྔར་བཞིན་གོམ་པ་རེ་ལ་རྐང་རྗེས་རེ་བཞག་ནས་མུ་མཐུད་ལས་ཀ་བྱེད་དགོས། ངས་ཡུལ་མི་ཚོ་དང་མཉམ་དུ་བོད་ཀྱི་མཐའ་མཚམས་ལམ་ཐིག་གསལ་སྟོན་བྱས་ནས། སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་མཐའ་མཚམས་སུ་གཞི་ཚུགས་ཏེ་རྒྱལ་ཁབ་ཀྱི་ས་ཆ་ཚུན་རེ་རེ་བཞིན་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།
༄༅།།འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས་འདི་འདྲ་གསུངས་འདུག