༄༅།།འབད་འབུངས་སྟོབས་ཤུགས་རབ་ཏུ་འཕེལ། རླབས་ཆེན་བྱ་གཞག་གསར་པ་གཏོད།
—— རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 03ཚེས་05ཉིན། 11:31】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་གསར་པའི་འཐུས་མི་3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་རྒྱལ་སར་མཉམ་འཛོམས་གནང་སྟེ། རྒྱལ་ཇུས་མཉམ་གྲོས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཆེད་སེམས་ཤུགས་གཅིག་སྒྲིལ་གནང་གི་རེད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
འདས་པའི་ལོ་ལྔ་དང་དུས་རབས་གསར་པ་ཚུན་གྱི་ལོ་བཅུ་ནི་གྲམ་ཐང་སྒྲོལ་བའི་ཉེན་ཁ་དང་། གྱེན་ལ་འཛེག་པའི་དཀའ་ངལ། འགག་སྒྲོལ་གྱི་དཀའ་གནད་བཅས་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཕེལ་རིམ་གྱི་ངོས་ན་བརྗོད་ན། ཧ་ཅང་རྒྱུན་གཏན་ཞིག་མིན་ལ་སྤྱིར་བཏང་ཞིག་ཀྱང་གཏན་ནས་མིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་རེའི་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ནས་དཀའ་ངལ་བསུ་བཞིན་མདུན་སྐྱོད་དང་འབད་འབུངས་མདུན་དུ་བསྐྱོད་ནས་འགག་སྒྲོལ་བྱེད་དཀའ་བའི་དཀའ་གནད་དང་ཉེན་ཁ་རེ་རེ་ལས་རྣམ་པར་རྒྱལ་བ་དང་། མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་མི་ཡུལ་གྱི་ངོ་མཚར་རེ་རེ་བཞིན་བཏོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་ཐོབ་པའི་ངང་སྐུལ་འདེད་བཏང་བ། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་བ་དང་འཕེལ་རྒྱས་བཏང་བ་བཅས་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་དར་རྒྱས་ཡོང་ཆེད་འོད་ཟེར་ལྡན་པའི་མདུན་ལམ་བཏོད་ཡོད། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེར་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ངོས་ནས་བརྗོད་ན་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད་ལ། ཏང་དང་། ཀྲུང་གོའི་མི་དམངས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་བཅས་དུས་རབས་ཉེར་གཅིག་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ནའང་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ལྡན་ཡོད།
ཀྲུང་གོ་གུང་ཁྲན་ཏང་ལ་འགྲན་ཟླ་བྲལ་བའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་ནུས་པ་དང་། སྒྲིག་འཛུགས་ཀྱི་ནུས་པ། ལག་བསྟར་གྱི་ནུས་པ་བཅས་ལྡན་ཡོད་པས། ཐོག་མཐའ་བར་གསུམ་དུ་དཀའ་ངལ་འཕྲད་སྐབས་མི་དམངས་ཡོངས་ཀྱི་བློས་འཁེལ་ཤོས་ཀྱི་སྲོག་ཤིང་ཡིན་པ་ལོ་རྒྱུས་དང་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད། “གཏན་འཁེལ་གཉིས”ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཞིག་དང་། དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གདེང་སྤོབས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་རེད། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱིས་རྒྱལ་ཁབ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་མདུན་སྐྱོད་བྱེད་པར་འགན་ལེན་ནུས་ལྡན་དང་། རྒྱལ་ཁབ་བཅོས་སྐྱོང་དེ་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་ཀྱི་དུས་འཁོར་ལས་སྒྲོལ་བར་འགན་ལེན་ནུས་ལྡན། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བར་གསོན་ཤུགས་ཀྱིས་ཁེངས་ལ་བརྟན་ལྷིང་དང་གོ་རིམ་ཡང་ལྡན་པའི་འགན་ལེན་ནུས་ལྡན་བཅས་བྱས་ཡོད། དེ་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་བཀོད་སྒྲིག་ཡིན་ལ། རང་རྒྱལ་གྱི་རྒྱལ་བབ་དང་དོན་དངོས་དང་མཐུན་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པ། མི་དམངས་རང་ཁྱིམ་རང་བདག་འགན་ལེན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་འགན་ལེན་བཅས་བྱེད་པའི་ལམ་ལུགས་ཡག་པོ་ཞིག་ཡིན་པས། དེར་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་ཆེན་པོ་ལྡན་ཡོད།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་དང་རེ་བ་བཅོལ་ཡོད་ལ། ཀྲུང་གོ་མི་དམངས་ཀྱི་འབད་འཐབ་དང་རྔུལ་ཆུ་ཡང་འདུས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་སྟེ་ཡུན་རིང་འཚོལ་ཞིབ་དང་ལག་ལེན་ཁྲོད་དཀའ་སྤྱད་འབད་འཐབ་དང་བློས་གཏོང་ཆེན་པོ་བྱས་ཏེ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། དེ་ནི་སྔར་ན་བྱུང་མྱོང་མེད་པའི་གསར་འབྱེད་རང་བཞིན་གྱི་བྱ་གཞག་ཅིག་ཀྱང་ཡིན་པས། ངེས་པར་དུ་མི་དམངས་དུང་ཕྱུར་མང་པོའི་གསར་གཏོད་ཀྱི་སྟོབས་ཤུགས་རླབས་པོ་ཆེ་འདོན་སྤེལ་བྱེད་དགོས། ལོ་དེ་དག་རིང་རང་རེའི་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ཏེ་ལོ་རྒྱུས་དེབ་ཐེར་དུ་འཁོད་པའི་རྒྱུགས་ལན་མང་པོ་ཕུལ་ཡོད། མདུན་སྐྱོད་ལམ་བུའི་ཐོག་དཀའ་ངལ་དང་ཉེན་ཁ་གང་ཞིག་འཕྲད་རུང་མི་དམངས་ནི་ནམ་ཡང་རང་རེའི་ཏང་གི་རྒྱབ་རྟེན་བརྟན་ཤོས་དང་གདེང་སྤོབས་ཆེ་ཤོས་དེ་རེད།
མདུན་སྐྱོད་ལམ་བུའི་ཐོག་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་མི་དམངས་རང་ཁྱིམ་རང་བདག་ཡོང་བ་བྱ་རྒྱུ་དེ་ཏང་གིས་རྒྱལ་སྲིད་སྐྱོང་བའི་སྲིད་ཇུས་དང་བྱ་ཐབས་ཐོག་ཞིབ་ཅིང་ཕྲ་ལ་དངོས་ཡོད་ཀྱི་སྒོ་ནས་མངོན་པ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕྱོགས་ཁག་དང་རིམ་པ་ཁག་གི་ལས་དོན་ཐོག་ཞིབ་ཅིང་ཕྲ་ལ་དངོས་ཡོད་ཀྱི་སྒོ་ནས་མངོན་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་གྲུབ་པའི་ལས་དོན་ཐོག་ཞིབ་ཅིང་ཕྲ་ལ་དངོས་ཡོད་ཀྱི་སྒོ་ནས་མངོན་པ་བཅས་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཁྱད་ཆོས་དང་ལེགས་ཆ་གང་ལེགས་འདོན་སྤེལ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱིས་ཐབས་ཇུས་དང་། ལག་བསྟར། ལྟ་སྐུལ་བཅས་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱས་ཏེ་མི་དམངས་ཀྱི་འབོད་སྒྲ་ཉན་ཐུབ་པའི་འགན་ལེན་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བརྒྱུད་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་མི་དམངས་ཀྱི་ལག་ཏུ་དམ་པོར་འཛིན་དགོས།
འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་རེད་ལ། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ལོ་དང་པོའང་རེད། དམིགས་ཚད་གསར་པར་ཕྱོགས་ནས་འབད་འབུངས་ཀྱིས་སླར་ཡང་རྡོག་ཐོན་བྱེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ། འབད་འབུངས་ཀྱི་སྟོབས་ཤུགས་འཕེལ་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་ལམ་གསར་པར་དུས་རབས་ཀྱི་ངོ་མཚར་ཆེ་བའི་ལེའུ་གསར་པ་རྩོམ་པ་དང་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་གཏོད་བྱེད་དགོས།
ཚོགས་ཆེན་ཐུགས་གྲ་ལེགས་སྒྲིག་ཡོང་བའི་སྨོན་འདུན་ཞུ།