འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱིས་དམངས་འཚོའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་04ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     “འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་འབོད་པའི་བོད་ལྗོངས་མངའ་རིས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་གྱི་ཡོད། ས་བབ་མཐོ་བའི་རྐྱེན་གྱིས་དེ་སྔོན་མངའ་རིས་སུ་ཚལ་རིགས་ཧ་ལམ་སྐྱེ་ཐུབ་ཀྱི་མེད། “མངའ་རིས་ཀྱི་གནམ་གཤིས་གྲང་ལ་སྐམ་ཤས་ཆེ་སྟབས་དེ་སྔ་སྔོ་ཚལ་ཕལ་ཆེ་བ་ས་ཆ་གཞན་ནས་དབོར་ཡོང་བའི་ཁར་ཚལ་སྣ་དཀོན་ལ་རིན་གོང་མཐོ་བས་མང་ཚོགས་མང་པོ་ཞིག་སྔོ་ཚལ་ཟ་ཉུང་ཉུང་རེད”ལོ་35ལ་སླེབས་པའི་སྔོ་ཚལ་འདེབས་འཛུགས་དུད་ཚང་དབྱངས་ཅན་གྱི་བྱིས་དུས་ཀྱི་སྣང་ངོར་སྔོ་ཚལ་ནི་ཤ་ལས་རྩ་ཆེ་བ་ཡོད།
     ད་ཆ་དབྱངས་ཅན་གྱིས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་ཐོན་ལས་གླིང་དུ་དྲོད་ཁང་ཆེན་པོའི་སྔོ་ཚལ་འདེབས་འཛུགས་ཀྱི་འགན་ཁུར་ཞིང་། ཟླ་རེར་ཡོང་འབབ་སྒོར་3000ལྷག་ཙམ་ལེན་རྒྱུ་ཡོད་པ་ཕུད་དེ་བས་དགའ་བ་སྐྱེ་འོས་པ་ནི་ཁོང་ལ་རང་ཉིད་ཀྱིས་བཏབ་པའི་ལ་ཕུག་དང་། སོ་ལོ་སྔོན་པོ། ཧོང་ཀྭ་སོགས་སྔོ་ཚལ་སོས་པ་བཟའ་རྒྱུ་ཡོད་པ་དེ་རེད། “རང་ཉིད་ཀྱིས་བཏབ་པའི་སྔོ་ཚལ་སྣ་ཚོགས་མང་ཚོགས་ལ་བཟའ་རྒྱུ་བྱུང་བ་དེ་ནི་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་རེད”ཅེས་དབྱངས་ཅན་གྱིས་དགའ་སྤྲོའི་ངང་བཤད།
     ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་སྒར་རྫོང་དང་སྤུ་ཧྲེང་རྫོང་གཉིས་སུ་སྤུས་ལེགས་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་བསྐྲུན་ནས་རྣམ་གྲངས་ཁྲིད་སྟོན་དང་། མ་དངུལ་རོགས་སྐྱོར། ཆེད་དོན་ལག་རྩལ་ཞབས་ཞུ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དེང་རབས་ཅན་གྱི་ཞིང་ལས་དྲོད་ཁང་ཆེན་པོ་ཁག་གཅིག་བསྐྲུན་ཡོད། མིག་སྔར་དྲོད་ཁང་དེ་ནས་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་30ལྷག་ཙམ་ཐོན་སྐྱེད་ཐུབ་པ་དང་དབྱར་དུས་སྔོ་ཚལ་རང་མཁོ་རང་སྤྲོད་ཐུབ་ཚད་40%ལྷག་ཙམ་ཟིན་གྱི་ཡོད་པ་རེད།
     “ཤ་ཚལ་སྒོང་གསུམ”ནི་དམངས་འཚོ་དང་འབྲེལ་བ་ངེས་ཅན་ཡོད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཡོད། 2022ལོར། བོད་ཀྱིས་དམངས་འཚོའི་འདུ་འགོད་ཐད་མ་དངུལ་སྒོར་དུང་ཕྱུར་147.4བཏང་བ་དེ་སློབ་གྲྭའི་དྲོད་རླངས་མཁོ་འདོན་ཁྱོན་ཡོངས་ལ་ཁྱབ་པ་དང་། ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་ཚ་ཐབ་ཚོད་ལྟ་བྱེད་པ། ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་ལེན་མཐོར་གཏོང་སོགས་ཀྱི་རྣམ་གྲངས་དང་འབྲེལ་བ་ཡོད་པ་རེད།
     ཟླ་3པའི་ཟླ་འགོར། བོད་བྱང་ཐང་ནག་ཆུའི་གནམ་གཤིས་སྔར་བཞིན་གྲང་མོད། འོན་ཀྱང་ས་བབ་མཐོ་བའི་སློབ་གྲྭའི་སློབ་ཁང་ནང་དྲོ་སོབ་སོབ་ཡོད་པ་རེད། གསར་འགོད་པ་ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཡོད་པའི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་བྱ་ཁྱུང་གྲོང་རྡལ་གྱི་སློབ་ཆུང་དུ་སྐྱོད་སྐབས། ཕྲུ་གུ་ཚོ་ཤེལ་ཁང་གི་དྲོད་ཁྱམས་སུ་སྤྲོ་སྣང་ལྡན་པའི་བྱེད་སྒོར་ཞུགས་བཞིན་འདུག “ད་ཆ་ཕྱིར་གྲང་མོ་ག་ཚོད་ཡོད་རུང་ང་ཚོས་གྱོན་གོས་སྲབ་མོ་གྱོན་ནས་དྲོད་ཁྱམས་ནང་སློབ་སྦྱོང་བྱེད་ཆོག་གི་ཡོད”ཅེས་ལོ་རིམ་ལྔ་པའི་སློབ་མ་ཚེ་དབང་ལྷ་མོས་བཤད།
     ཉེ་བའི་ལོ་ཤས་རིང་། བོད་ཀྱིས་དམིགས་སའི་རང་བཞིན་གྱི་སྒོ་ནས་ས་བབ་མཐོ་བའི་སློབ་གྲྭར་དྲོད་རླངས་མཁོ་འདོན་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་པ་དེ་ཁྱོན་སློབ་གྲྭ་1699དང་འབྲེལ་བ་ཡོད་པ་དང་། འདི་ལོ་སློབ་གྲྭ་དེ་དག་ཚང་མར་དྲོད་རླངས་མཁོ་འདོན་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་རེད།
     ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ནི་རི་ཚོགས་ཀྱི་བསྐོར་ཞིང་ལུང་ཤུར་དུ་ཆགས་པའི་སྦས་ཡུལ་ཞིག་ཡིན་པ་དང་། དེ་སྔ་དེ་ཁུལ་དུ་སྐྱོད་སའི་འགྲོ་ལམ་གུ་དོག་ཅིང་གཡང་གཟར་པོ་ཡོད། ད་ཆ་ལྷོ་བྲག་རྫོང་གི་གྲོང་ཚོ་ཚང་མར་སྣུམ་ནག་ལམ་བཏིངས་ཡོད་པ་དང་ཁོད་སྙོམས་པའི་སྣུམ་ནག་གཞུང་ལམ་ས་ཁོངས་ཧྲིལ་པོར་ཁྱབ་ནས་སྒྲིག་ཚུད་གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་ཡོད།
     ལྷོ་བྲག་རྫོང་དཀར་པོ་སྡེ་ཁུལ་ཚེ་སྨད་གྲོང་ཚོའི་གྲོང་མི་ཚེ་རིང་ཆོས་སྒྲོན་གྱིས། སྔོན་ཆད་རྫོང་ནས་གྲོང་ཁྱེར་དུ་སྐྱོད་པར་ལ་རྒྱག་དགོས་པས་དངངས་འདར་ཤོར་བ་དང་། ལྷག་པར་དུ་དགུན་ཁ་གངས་བབས་རྗེས་ལ་རྒྱག་སྐབས་ཉེན་ཁ་དེ་བས་ཆེ་བ་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
     གཡང་གཟར་ལ་གུ་དོག་པའི་ལམ་དེས་སྐབས་ཤིག་རིང་ཕྱོགས་མི་ལྷོ་བྲག་ལ་ཡོང་བར་འགོག་རྐྱེན་བཟོས་པ་མ་ཟད། ལྷོ་བྲག་བ་ཚོ་ཕྱིར་འཕེལ་རྒྱས་དོན་གཉེར་ལ་སྐྱོད་པར་ཡང་འགོག་རྐྱེན་བཟོས་ཡོད། ཚེ་རིང་ཆོས་སྒྲོན་གྱི་བཟའ་ཟླ་སུའེ་པིན་རླངས་འཁོར་ཉམས་བཟོ་དང་གློག་ལས་ལ་བྱང་ཆ་ཆེ་མོད། འོན་ཀྱང་ཕྱིར་སྐྱོད་སྐབས་འགྲིམ་འགྲུལ་སྟབས་བདེ་པོ་མེད་པས་ཁྱིམ་དུ་འཛུལ་ནས་མི་སྡོད་ཀ་མེད་བྱུང་ཡོད།
     ཉེ་བའི་ལོ་ཤས་རིང་། རང་ཁྱིམ་གྱི་སྒོ་རྩར་ཨར་འདམ་ལམ་བཏིངས་བས་དེ་སྔོན་རིམ་པ་བཞི་པའི་གཞུང་ལམ་གྱི་ཚད་གཞི་ཡང་མི་ལོན་པའི་རྫོང་གྲོང་གི་གཞུང་ལམ་ཨ་མའི་ཞེང་ཚད་སྨི་4ནས་སྨི་7.5བར་རྒྱ་སྐྱེད་བཏང་བ་དང་རི་ལམ་གྱི་ཉེན་ཁ་ཆེ་ཤོས་ཀྱི་གུག་ཆ་སྔར་བས་ཤར་གཏོང་ཐུབ་ཡོད།
     དེ་ལྟར་སུའེ་པིན་ལ་གཞི་ནས་ཕྱོགས་ལ་ཐོན་པའི་གོ་སྐབས་ཐོབ་ཅིང་། ལོ་དེ་དག་ནང་ཁོང་གིས་ལྷོ་ཁ་དང་། ལྷ་ས། ཉིང་ཁྲི་སོགས་སུ་ལས་ཀ་བྱེད་པར་བསྐྱོད་པར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད་པ་རེད། ཁོང་གིས“ད་ཆ་ལམ་ཡག་པོ་ཡོད་པས་ཕྱིར་ལས་ཀར་སྐྱོད་པར་ཧ་ཅང་སྟབས་བདེ་པོ་འདུག བུ་མོ་གཉིས་ད་དུང་ལོ་ཆུང་བས་ངས་དངུལ་མང་ཙམ་བསགས་ཏེ། སླད་ཕྱིན་ཕྲུ་གུ་གཉིས་པོ་གྲོང་ཁྱེར་ཆེན་པོར་སློབ་གྲྭར་གཏོང་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།
     ལྷོ་བྲག་གི་འགྱུར་ལྡོག་ནི་བོད་ཀྱི་དམངས་འཚོ་རྒྱུན་མཐུད་ལེགས་སུ་ཕྱིན་པའི་བསྡུས་རིས་ཤིག་རེད། སུའེ་པིན་དང་འདྲ་བར་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དེ་བས་མང་བ་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་ཕྱོགས་སུ་སྐྱོད་བཞིན་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་137བཏང་ནས་དམངས་འཚོའི་བྱ་བ་དངོས་21སྒྲུབ་རྩིས་ཡོད་ཅིང་། དེའི་ནང་དམངས་འཚོའི་ཁ་གསབ་ཁག་13སྔར་བས་མང་དུ་གཏོང་བ་དང་། མཐའ་མཚམས་མང་ཚོགས་དང་མཐའ་སྲུང་མི་སྣར་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་ཁག་2འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་དེ་གཙོ་གནད་རྫོང་དུ་རྒྱ་སྐྱེད་གཏོང་བ་དང་། ས་བབ་མཐོ་ཚད་སྨི་3500ཡན་གྱི་མཐའ་མཚམས་རྫོང་གྲོང་དང་ཤང་དང་གྲོང་རྡལ་དུ་གསོ་རླུང་མཁོ་འདོན་སྒྲིག་བཀོད་འཛུགས་སྐྲུན་སོགས་བྱ་བ་དངོས་ཁག་6སྒྲུབ་པར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་བཅས་ཚུད་ཡོད་པ་རེད།