༄༅།།མཚོ་སྔོན་གྱིས་འདི་ལོ་གྲོང་ཚོ་200ལ་གྲོང་གསེབ་དར་རྒྱས་ཀྱི་ཚོད་ལྟ་ཁག་གསུམ་པ་ལག་ལེན་བསྟར་རྒྱུ་ཡིན་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 03ཚེས་03ཉིན། 10:49】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་རྒྱས་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོ་མཚོ་སྔོན་གྱིས་གྲོང་ཚོ་200ལ་གྲོང་གསེབ་དར་རྒྱས་ཀྱི་ཚོད་ལྟ་ཁག་གསུམ་པ་ལག་ལེན་བསྟར་ནས“གྲོང་གསེབ་ཏུ་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་རྩ་བའི་ཆ་ནས་འཛོམས་པ”དམིགས་ཚད་དུ་བྱེད་པ་དང་། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་སྒྲིག་འཛུགས་ལག་ལེན་ཡག་པོ་བསྟར་བ། གྲོང་གསེབ་ཀྱི་བཀོད་པ་ལེགས་སུ་གཏོང་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་འདི་ལོ་གྲོང་གསེབ་དར་རྒྱས་ཀྱི་ཚོད་ལྟ་ཁག་གསུམ་པ་དེ་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཆེར་གཏོང་། གྲོང་གསེབ་ཀྱི་ནུས་རྒྱུ་གཙང་མ་ཁྱབ་གདལ་སོགས་རྣམ་གྲངས་དང་ཟུང་འབྲེལ་བྱས་ནས། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་དང་། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཆ་དང་། མ་དངུལ། ལག་རྩལ། ཤེས་ལྡན་མི་སྣ་སོགས་ཀྱི་ཚོད་འཛིན་མེད་པ་བཟོ་བ་བཅས་བྱས་ནས་འཛུགས་སྐྲུན་གྱི་མཉམ་ཤུགས་ཆགས་པར་བྱ་རྒྱུ་མ་ཟད། མཚོ་སྔོན་གྱིས་ཆུ་གློག་ལམ་འཕྲིན་དྲ་བཅས་དང་དེ་བཞིན་གྲང་ཕྲེང་ཟོག་འགྲེམས་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་རྒན་གསོ་དང་། སློབ་གསོ། སྨན་བཅོས་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། མ་དངུལ་རྒྱབ་སྐྱོར་འབྲེལ་མཐུད་ཀྱི་གྲོང་ཚོ་རིམ་པའི་སྤྱི་ཕན་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་ཆུང་གྲས་བསྐྲུན་རྒྱུ་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱེད་པ། འཚོ་བར་སྟབས་བདེ་ཡོང་བ་དང་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་སྔོན་ལ་བསྐྲུན་པ་བཅས་བྱ་རྒྱུ་རེད།
