འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“འོད་ཟེར་སྟོང་ལྡན་གྱི་ལམ་དུ་ང་ཚོ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་རྒྱ་ཆེ་རུ་འགྲོ་བཞིན་འདུག”

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་02ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
 འདི་ནི་བོད་ལྗོངས་མེ་ཏོག་རྫོང་བདེ་ཞིང་ཤང་བདེ་ཞིང་གྲོང་ཚོར་པད་མ་ཆོས་སྒྲོན(གཡོན)གྱིས་གྲོང་མི་སྐལ་བཟང་ཆོས་སྒྲོན་གྱི་ཁྱིམ་དུ་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་སྟངས་དང་ཚོང་ལམ་གྱི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།
 འདི་ནི་བོད་ལྗོངས་མེ་ཏོག་རྫོང་བདེ་ཞིང་ཤང་བདེ་ཞིང་གྲོང་ཚོར་པད་མ་ཆོས་སྒྲོན(གཡོན)གྱིས་གྲོང་མི་སྐལ་བཟང་ཆོས་སྒྲོན་གྱི་ཁྱིམ་དུ་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་སྟངས་དང་ཚོང་ལམ་གྱི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།
     ལྷ་ས་ནས་རྡོག་ཐོན་བྱས་ཏེ་ཤར་ལྷོའི་ཕྱོགས་སུ་ བསྐྱོད་པ་ན། གྱ་གྱུ་ཆེ་ཡང་བདེ་ཞིང་སྙོམས་པའི་གཞུང་ལམ་ནི་དར་དཀར་ཡུག་གཅིག་དང་འདྲ་བར་གངས་རི་དང་། ནགས་ཚལ། གྲོག་རོང་བཅས་ཀྱི་གསེང་དུ་བརྐྱངས་འདུག དགའ་ལུང་ལའི་ཕུག་ལམ་ནས་དོན་རྗེས་ས་བབ་རིམ་བཞིན་དམའ་རུ་ཕྱིན་པ་དང་ཡར་ཀླུང་གཙང་པོའི་ངོགས་ཀྱི་རི་བོ་ཡང་སྔོ་ལྗང་ལྗོན་ཤིང་གིས་བརྒྱན། ད་ཆ་སྤོ་བོ་ནས་མེ་ཏོག་བར་རླངས་འཁོར་བཏང་ཚེ་ཆུ་ཚོད་3ལྷག་ཙམ་ལས་འགོར་གྱི་མེད། འོན་ཀྱང་ལོ་བཅུའི་གོང་ལམ་འདིར་བསྐྱོད་ན་ཉིན་གསུམ་བཞི་འགོར་གྱི་ཡོད་པར་བརྟེན། ཚང་མས“ལམ་འདི་དངོས་གནས་བདེ་རུ་ཞེ་དྲག་ཕྱིན་འདུག”ཅེས་ཤོད་ཀྱི་ཡོད།
     “གསར་འགོད་པ་ལྷན་རྒྱས་ལམ་བར་དུ་སྐུ་ལས་ཁག་སོང” རླངས་འཁོར་བཏང་ནས་མེ་ཏོག་རྫོང་བདེ་ཞིང་ཤང་བདེ་ཞིང་གྲོང་ཚོར་འབྱོར་སྐབས། གྲོང་མི་སྐལ་བཟང་ཆོས་སྒྲོན་གྱི་ཁྱིམ་དུ་ལག་ཤེས་ཐོན་རྫས་བཟོ་སྟངས་དང་ཚོང་ལམ་ལ་ཤེས་རྟོགས་བྱེད་པའི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་པད་མ་ཆོས་སྒྲོན་ཕྲད་བྱུང་། འདི་ལོ་ལོ་39ལ་སླེབས་པའི་ཁོང་ངོ་གདོང་ཅུང་དམར་སྨུག་ཡིན་ལ་སྐད་ཆ་ཤོད་སྐབས་འཛུམ་དམུལ་དམུལ་བྱེད་ཀྱི་ཡོད། ཁོང་གིས“ཁྱེད་ཚོ་ཡོང་སའི་ལམ་དེ་ནི་ང་ཚོ་མོན་པ་རིགས་ཀྱི་བདེ་སྐྱིད་ལམ་བུ་རེད”ཅེས་བཤད་བྱུང་།
     སྐད་ཆ་བཤད་ཚད་འགྲོ་ལམ་གྱི་སྐོར་ཡིན་པས། ང་ཚོ་ཡང་འགྲོ་ལམ་དེར་སྔར་བས་མཚར་སྣང་སྐྱེས། སྐལ་བཟང་ཆོས་སྒྲོན་ཁྱིམ་གྱི་བཀོད་པ་གཙང་ལ་རྒྱ་ཆེ་བའི་སྒོ་རའི་ནང་དུ་པད་མ་ཆོས་སྒྲོན་གྱིས་ལོ་བཅུའི་གོང་གི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགའ་འོས་པའི་འདས་དོན་གླེང་བྱུང་།
     2013ལོའི་ཟླ་3པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིར་བདམས་ཐོན་བྱུང་བའི་པད་མ་ཆོས་སྒྲོན་པེ་ཅིང་དུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་པ་རེད། ཟླ་3ཚེས་8ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ཀྱི་འཐུས་མིའི་ཚོགས་པའི་གྲོས་ཞིབ་ལ་ཕེབས་ཀྱི་ཡོད་པ་ཤེས་འཕྲལ། པད་མ་ཆོས་སྒྲོན་ལ་དགའ་ཚོར་ཆེན་པོ་སྐྱེས་ནས་མཚན་གང་གཉིད་ཁུགས་མེད།“སེམས་ལ་སྤྱི་ཁྱབ་ཧྲུའུ་ཅིར་ག་རེ་ཞུ་དགོས་མིན་ཁོ་ན་ཡང་ཡང་དྲན་གྱི་འདུག”ཅེས་ཁོང་གིས་བཤད་བྱུང་།
     ཟླ་3ཚེས་9ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེ་མོའི་བོད་ལྗོངས་ཚོམས་ཆེན་དུ་ཕེབས་སྐབས། ཚོགས་རར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་བའི་སྒྲས་ཁེངས། སྤྱི་ཁྱབ་ཧྲུའུ་ཅི་མཆོག་པད་མ་ཆོས་སྒྲོན་གྱི་གམ་དུ་ཕེབས་སྐབས། མི་ཞིག་གིས“འདི་ནི་མེ་ཏོག་རྫོང་མོན་པ་རིགས་ཀྱི་འཐུས་མི་རེད”ཅེས་ངོ་སྤྲོད་ཞུས་པ་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕེབས་མཚམས་བཞག་ནས་པད་མ་ཆོས་སྒྲོན་ལ་མཛའ་བརྩེའི་ཕྱག་བཏང་གནང་བ་རེད།
     “འཐུས་མི་རེ་རེས་གཏམ་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་ནན་ཏན་ངང་གསན་པ་དང་། སྐབས་རེར་ཟིན་བྲིས་འགོད་པ་དང་མཚམས་རེར་བཀའ་འདྲི་ཡང་གནང་གི་ཡོད། མང་ཚོགས་ཀྱི་ལྟོ་ཆས་གང་འདྲ་ཡོད་མེད་དང་། སྡོད་ཁང་གང་འདྲ་ཡིན་མིན། འཕེལ་རྒྱས་ཐད་དཀའ་ངལ་གང་ཞིག་ཡོད་མེད་སོགས་གང་ཅིའི་ཐད་ཁོང་གིས་ཐུགས་ཁུར་གནང་བཞིན་འདུག བོད་དང་པེ་ཅིང་བར་རྒྱང་ཐག་རིང་པོ་ཆེད་ཀྱང་། བོད་ཀྱི་ལམ་དང་། མི། གྲོང་ཚོ་སོགས་ཚང་མ་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ལ་བཞག་འདུག”ཅེས་སྐབས་དེའི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་པད་མ་ཆོས་སྒྲོན་གྱིས་དེ་ལྟར་བཤད་བྱུང་།
     འཐུས་མི་སྔོན་མ་ཁ་ཤས་ཀྱིས་གཏམ་བཤད་གནང་ཚར་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་སྤྱན་གྱིས་ཁ་སྤྲོད་དུ་བསྡད་པའི་པད་མ་ཆོས་སྒྲོན་ལ་གཟིགས་ཏེ།
     “ད་ཆ་མེ་ཏོག་རྫོང་ལ་འགྲོ་སའི་ལམ་ཤར་གཏོང་ཐུབ་ཡོད་དམ”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་འཛུམ་མདངས་དང་བཅས་ཐུགས་ཁུར་ཆེན་པོས་བཀའ་འདྲི་གནང་།
     “དྲི་བ་དེ་ངའི་སེམས་ལ་བསམ་པ་དེ་རང་བཀའ་འདྲི་གནང་བྱུང”ཞེས་པད་མ་ཆོས་སྒྲོན་གྱིས་བཤད།
     མི་རབས་ནས་མི་རབས་བར་ཡུལ་དེ་གར་འཚོ་བ་སྐྱེལ་བའི་མི་རྣམས་ལ་མཚོན་ན། ལམ་ལ་བཅངས་པའི་རེ་བ་ཅི་འདྲ་ཆེན་པོ་ཞིག་ཡིན་པ་རྟོགས་ཐུབ། མེ་ཏོག་གི་ཡུལ་ནི་ལོ་ཟླ་ཇི་སྙེད་ཀྱི་རིང་སྦས་ཡུལ་པད་མ་བཀོད་ཅེས་སྙན་པའི་གྲགས་པ་ཆེ་ཡང་ཕྱི་རོལ་ཡུལ་དང་འབྲེལ་ལམ་ཆད་པའི་ཡུལ་ལྟ་བུར་གྱུར་ཅིང་། རི་བོ་ཧི་མ་ལ་ཡས་བསྐོར་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་སྐབས་སྔོན་ཆད་མིས་ཁུར་བ་དང་རྟ་དྲེལ་ལ་བཀལ་ནས་དབོར་དགོས་པ་དང་། ལམ་ཁག་གཅིག་ཧ་ཅང་གུ་དོག་པས་རྟའི་རྔ་མར་འཇུས་ནས་འགྲོ་དགོས།
     པད་མ་ཆོས་སྒྲོན་གྱིས་སྐབས་དེ་དུས་ཁོང་པེ་ཅིང་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་སྐབས་ལམ་བར་གྱི་དཀའ་ཚེགས་ཆེ་བའི་སྐོར་མཛུབ་རྩིས་བརྒྱབ་ནས་གསར་འགོད་པར་བཤད། “དང་པོ་གྲོང་ཚོ་ནས་འགྲུལ་སྐྱེལ་རླངས་འཁོར་འབབ་ཚུགས་སུ་བསྐྱོད་པ་དང་། དེ་ནས་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་ནས་ཆུ་ཚོད་1ཙམ་བསྐྱོད་རྗེས་སླར་ཡང་རྐང་ཐང་མར་ཆུ་ཚོད་4སོང་བ་ན་མེ་ཏོག་རྫོང་གྲོང་དུ་འབྱོར། དེ་ནས་རྐང་ཐང་དུ་ཕྱིན་པ་དང་རླངས་འཁོར་ལ་བསྡད་དེ་མེ་ཏོག་ནས་སྤོ་བོའི་བར་བསྐྱོད་པ་དང་། དེ་རྗེས་རླངས་འཁོར་བརྗེས་ནས་སྤོ་བོ་ནས་ཉིང་ཁྲིའི་བྲག་ཡིབ་གྲོང་རྡལ་དུ་བསྐྱོད། དེ་ནས་མུ་མཐུད་རླངས་འཁོར་ལ་བསྡད་ནས་བྲག་ཡིབ་གྲོང་རྡལ་ནས་ལྷ་ས་བར་བསྐྱོད་པ་དང་། དེ་རྗེས་གནམ་གྲུར་བསྡད་དེ་ཁྲེང་ཏུའུ་རུ་བསྐྱོད། དེ་གར་གནམ་གྲུ་བརྗེས་ནས་པེ་ཅིང་དུ་འབྱོར། ལམ་ཐག་སྤྱི་ལེ་3000ལྷག་ཙམ་ལ་ཉིན་6སྐྱོད་དགོས་ཀྱི་ཡོད”ཅེས་པད་མ་ཆོས་སྒྲོན་གྱིས་བཤད།
     “ཀྲུང་གོའི་ས་རྒྱ་འདི་ལྟར་ཆེ་ཡང་། སྤྱི་ཁྱབ་ཧྲུའུ་ཅིས་ད་དུང་མེ་ཏོག་གི་འགྲོ་ལམ་ཐུགས་ལ་བཞག་པས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ངས་སྤྱི་ཁྱབ་ཧྲུའུ་ཅིར་ལོ་མཇུག་ཏུ་ང་ཚོའི་མེ་ཏོག་རྫོང་གི་གཞུང་ལམ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད་ཅེས་ཞུས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་གསན་རྗེས་ཐུགས་བློ་མགུ་བའི་ངང་དབུ་ལྕོག་ལྕོག་གནང་བ་དང་། ཚོགས་འདུར་ཁོང་གིས་ང་ཚོར་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་དགོས་པའི་ལྕག་སྐུལ་ཡང་གནང་བྱུང”ཞེས་པད་མ་ཆོས་སྒྲོན་གྱིས་བཤད།
     ཚོགས་འདུ་གཉིས་གྲོལ་ནས་ཕ་ཡུལ་དུ་ལོག་སྐབས། པད་མ་ཆོས་སྒྲོན་གྱིས་ཡུལ་མི་ཚོར་སྤྱི་ཁྱབ་ཧྲུའུ་ཅིས་མེ་ཏོག་ལ་ཐུགས་ཁུར་གནང་བའི་སྐོར་བརྗོད་པས། རི་གྲོང་ཆུང་ཆུང་དེར་དགའ་སྤྲོའི་ཡོ་ལང་འཕྱུར། ཚང་མས་དགའ་ཚོར་ཆེན་པོས“སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་ཐུགས་ཁུར་འདི་འདྲ་གནང་གི་འདུག་པས། ང་ཚོས་ངེས་པར་དུ་འཚོ་བ་སྔར་བས་ཡག་པོ་སྐྱེལ་བ་དང་ལམ་ཁ་སྔར་བས་ཡག་པོ་བཟོ་དགོས”ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
     2013ལོའི་ཟླ་10ཚེས་31ཉིན། མེ་ཏོག་ལ་གཞུང་ལམ་དང་པོ་ཡོངས་སུ་ཤར་གཏོང་ཐུབ་པ་དང་། 2019ལོར་མེ་ཏོག་རྫོང་དུ་དབུལ་ཞྭ་ཕུད་ནས་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་ནག་མཐའ་གཅིག་ཏུ་བསལ་བ་རེད།
     པད་མ་ཆོས་སྒྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅིས་འགྲོ་ལམ་དེ་དག་ལ་ཐུགས་ཁུར་དེ་འདྲ་གནང་བའི་དམིགས་ཡུལ་སྔར་བས་གསལ་པོ་ཤེས་ཤིང་། “ལམ”གྱི་དཀའ་གནད་མཁྱེན་རྟོགས་དང“འགྲོ་ལམ”གྱི་འགྱུར་ལྡོག་གསན་པ་ནི་དོན་དུ་མི་སེར་གྱི་འཚོ་བའི་ལམ་དང་། ས་ཁུལ་དབུལ་པོའི་དབུལ་སྒྲོལ་ལམ། རྒྱལ་ཁབ་ཀྱི་འཕེལ་རྒྱས་ལམ་བཅས་ལ་ཐུགས་ཁུར་གནང་བ་ཞིག་རེད།
     “ལམ་བཟོས་ཚར་རྗེས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ངེས་རེད”ཅེས་ང་ཚོས་དྲིས་པར།
     པད་མ་ཆོས་སྒྲོན་གྱིས“ལམ་ཤར་གཏོང་ཐུབ་པས་སེམས་པ་དེ་བས་སྐྱིད་དུ་ཕྱིན་སོང་ལ། འཚོ་བའང་ཇེ་ཡག་ཏུ་འགྲོ་བར་ཡིད་ཆེས་ཀྱིས་ཁེངས་སོང་། ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་ས་ཡོད་ལ། རི་སྔོ་ཆུ་དྭངས་ཀྱང་གསེར་རི་དངུལ་རིར་གྱུར་ཡོད། མེ་ཏོག་གི་མི་སེར་ཚོའི་ཡོང་འབབ་དེ་བས་མང་དུ་ཕྱིན་ནས་བདེ་སྡོད་ཁང་པར་སྡོད་པ་མ་ཟད། དུད་ཚང་ཚང་མའི་སྒོ་སྟེང་གི་སྐར་ལྔའི་དར་དམར་ཡང་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད”ཅེས་བཤད།