གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 03ཚེས་02ཉིན། 12:41】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
“སྨན་ལ་ལ་ནི་འདྲེས་སྦྱོར་གྱི་སྨན་ཡིན་པས་ཉོ་མཁན་གྱིས་སྨན་བསྐྱར་མར་གཏོང་སྲིད་པས་གསལ་བཤད་དམིགས་བསལ་བྱེད་དགོས་”ཟེར། ཞོགས་པའི་ཆུ་ཚོད་8ཡོལ་ཙམ་ལ་པེ་ཅིང་གྱི་མཆོད་རྟེན་དཀར་པོ་དགོན་པའི་སྨན་ཚོང་ཁང་དུ་ཀྲང་ཧའེ་ཨའོ་ཡིས་སྨན་དང་ལས་རོགས་ཚོར་ཉིན་རེའི་ལས་འགོ་མ་ཚུགས་གོང་ལ་སློབ་ཁྲིད་བྱེད་ཀྱི་ཡོད།
ཀྲང་ཧའེ་ཨའོ་ནི་པེ་ཅིང་ཅིན་ཞང་ཧྥུའུ་ཞིན་སྨན་རྫས་མ་རྐང་ཚད་ཡོད་ཀུང་སིའི་མཆོད་རྟེན་དཀར་པོ་དགོན་པའི་སྨན་ཚོང་ཁང་གི་ལས་གཉེར་སྨན་སྦྱོར་བ་ཞིག་ཡིན་ལ། ད་ལོར་གསར་དུ་བདམས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའང་ཡིན། མཆོད་རྟེན་དཀར་པོ་དགོན་པའི་སྨན་ཚོང་ཁང་དུ་ལོ་བཅུ་ལྷག་ཙམ་ལས་ཀ་བྱེད་རིང་། ཀྲང་ཧའེ་ཨའོ་ཡིས་སྐུ་མགྲོན་ཚོར་སྨན་དོན་བློ་འདྲི་དང་སྨན་སྤྱོད་ཐད་མཛུབ་ཁྲིད་བྱེད་ཀྱི་ཡོད། སྐུ་མགྲོན་ལ་སྨན་འཚམ་པོར་སྤྱོད་པའི་མཛུབ་ཁྲིད་བྱེད་ཆེད། ཁོང་གིས་ལས་དོན་ཐད་ངང་རྒྱུད་རིང་པོ་དང་ཞིབ་ཚགས་པོ་བྱེད་ཀྱི་ཡོད། རྒྱུན་པར་སྐུ་མགྲོན་དང་འབྲེལ་འདྲིས་བྱེད་པའི་ཁྲོད་སྨན་བསྐྱར་གཏོང་དང་། བཅོས་ཡུན་ནོར་བ་སོགས་ལུགས་དང་མི་མཐུན་པའི་གནས་ཚུལ་ཐོན་པ་ཤེས་དུས། དུས་ཐོག་ཏུ་ནད་པར་སྨན་བརྗེ་བ་དང་། སྨན་མཚམས་འཇོག་པ་སོགས་ཀྱི་གྲོས་འགོ་འདོན་པའམ་ཡང་ན། སྨན་ཁང་ཏུ་བརྟག་དཔྱད་དང་སྨན་བཅོས། ཡང་བསྐྱར་བརྟག་དཔྱད་བྱ་རྒྱུའི་གྲོས་འགོ་འདོན་གྱི་ཡོད།
ཀྲང་ཧའེ་ཨའོ་དང་ལས་རོགས་ཀྱིས་ད་དུང་མཆོད་རྟེན་དཀར་པོ་དགོན་པའི་སྨན་ཚོང་ཁང་གི་“སྤྱི་ཕན་བདེ་ཐང་སློབ་ཁང་ཆེན་མོའི་”བྱེད་སྒོ་བརྒྱུད། སྡེ་ཁུལ་དུ་བསྐྱོད་དེ་སྡེ་ཁུལ་གྱི་མང་ཚོགས་ལ་བདེ་ཐང་དུ་འཚོ་བ་དང་། སྔོན་ལ་ནད་འགོག་པའི་འདུ་ཤེས་དང་སྨན་ཉེན་མེད་དུ་སྤྱོད་པའི་ཤེས་བྱ་གསལ་འགྲེལ་གནང་གིན་ཡོད།
སྨན་པ་ཞིག་ཡིན་པའི་ངོས་ནས། ཀྲང་ཧའེ་ཨའོ་ཡིས་སྨན་རིགས་སྣ་ཚོགས་ལ་དམིགས་ནས་“ནད་བསྟུན་སྨན་སྤྲོད་”ཐུབ་པར་བྱས་ཏེ། སློབ་སྦྱོང་ཆད་མེད་དང་རང་ངོས་ཇེ་ལེགས་སུ་གཏོང་རྒྱུ་འགག་རྩ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། “རྒྱུན་གཏན་གྱི་ལས་ཀ་ཕུད། ང་ཚོའི་སྨན་ཁང་ནང་གི་སྨན་སྦྱོར་བ་ཚང་མས་སྨན་ལུགས་ཤེས་བྱ་སྦྱོང་བར་དུས་ངེས་མེད་དུ་ཞུགས་ཀྱི་ཡོད། ཉིན་རེར་ལས་འགོ་མ་ཚུགས་གོང་ལ་སློབ་སྦྱོང་བྱེད་ཀྱི་ཡོད། སྨན་རྫས་ཀྱི་ཤེས་བྱ་གསར་དུ་བརྗེ་བར་མཐོང་ཆེན་བྱས་ཚེ། ད་གཟོད་གཞི་ནས་སྐུ་མགྲོན་གྱི་དོགས་འཆར་དུས་ཐོག་དང་འཕྱུགས་མེད་དུ་སེལ་ཐུབ་”ཅེས་ཟེར།
ཀྲང་ཧའེ་ཨའོ་ཡིས། གནས་གཏན་འཁེལ་གྱི་སིལ་ཚོང་སྨན་ཁང་དེ་སྨན་བཅོས་འགན་བཅོལ་གྱི་སྤྱི་འདོམས་དང་། སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་རང་ཉིད་ཀྱི་གྲོས་འགོ་འདོན་རྒྱུ་དང་ཆབས་ཅིག རང་གི་འགན་འཁྲིའི་ལས་དོན་མུ་མཐུད་ཡག་པོར་བསྒྲུབས་ནས། གཞི་རིམ་སྨན་ཁང་དུ་མི་སེར་ལ་ཉེན་མེད་སྨན་སྤྱོད་ཐད་གཡས་སྲུང་གཡོན་སྐྱོར་གྱི་ནུས་པ་ཆེན་པོ་འདོན་རྒྱུ་ཡིན་ཟེར།
【1】
【2】
【3】