འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སེམས་ཀྱི་ཉི་ཟླར་ཤུགས་འགྲེམས་མེ་འཁོར་གང་མགྱོགས་ཤར་གཏོང་ཐུབ་པའི་ཆེད་དུ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་27ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། དབྱང་ཝུན་མིང་།
    ཧ་པ་གངས་རིའི་ཕུག་ལམ་ནི་ཡུན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལམ་དུམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ལ། ལམ་ཐིག་ཧྲིལ་པོའི་ཤར་གཏོང་ཐུབ་མེད་པའི་ཕུག་ལམ་མཐའ་མ་དེའང་རེད། ཧ་པ་གངས་རིའི་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་10ཟིན་གྱི་མེད་ལ། ཤུགས་འགྲེམས་མེ་འཁོར་ལ་བསྡད་ཚེ་སྐར་མ་3ལས་འགོར་གྱི་མེད་ཀྱང་2014ལོར་ལས་འགོ་ཚུགས་པ་ནས་ད་བར་ལོ་དགུ་འགོར་བ་རེད། 2017ལོར་ཧོ་ཨེར་ལུན་ཀྲུང་གོ་ལྕགས་ལམ་ཅུས་བཅུ་དྲུག་པའི་ཧ་པ་གངས་རིའི་ཕུག་ལམ་ལས་གྲྭའི་འགན་འཁུར་བར་བཏང་བ་རེད། དམིགས་ཡུལ་ནི་ཕུག་ལམ་སྔོག་ཚད་མགྱོགས་སུ་བཏང་ནས་སེམས་ཀྱི་ཉི་ཟླའི་མང་ཚོགས་ཚོ་སྔ་ཙམ་ཤུགས་འགྲེམས་མེ་འཁོར་ལ་བསྡད་དེ་འགྲོ་སྐྱོད་ཐུབ་ཆེད་རེད། “ཚང་མས་ཧ་པ་གངས་རིའི་ཕུག་ལམ་གྱི་ཨར་སྐྲུན་ཐད་དཀའ་ཚེགས་ཆེན་པོ་ཡོད་ལུགས་བརྗོད་བྱུང་། གནས་དེར་བསྐྱོད་ནས་དངོས་སུ་ལས་ལ་ཞུགས་ན་གཞི་ནས་མྱོང་ཚོར་ཐུབ་ངེས་རེད”ཅེས་ཧ་པ་གངས་རིའི་ཕུག་ལམ་དུ་མ་བསྐྱོད་གོང་ཧོ་ཨེར་ལུན་གྱིས་གཞུང་ལས་ཁང་དུ་གསར་འགོད་པར་དེ་ལྟར་བརྗོད།
    ཕུག་ལམ་བརྒྱུད་ནས་མདུན་ཕྱོགས་སུ་སྐྱོད་སྐབས་ལམ་ངོས་ཁོད་སྙོམས་པོ་མེད། ཧོ་ཨེར་ལུན་གྱིས་མདུན་དུ་སྐྱོད་བཞིན་དུ“གཅུས་རིས་ཅན་གྱི་ཨར་སྐྲུན་ཕུག་ལམ་འདི་དང་ཐོག་ཇུས་འགོད་བྱེད་སྐབས་ཐད་སྐྱོད་ལམ་བུ་ཞིག་རེད། ཐོག་ཕ་གི་དང་ཐོག་གཞུ་དབྱིབས་ཅན་ཞིག་ཡིན་ཡང་ད་ཆ་རྣོ་ཟུར་ཅན་ཞིག་ཏུ་འགྱུར་ཡོད། ཨར་སྐྲུན་ཕུག་ལམ་ལ་ལ་སྔོག་འགོ་ཚུགས་མ་ཐག་པའི་སྐབས་སུ་ཞེང་ཚད་ལ་སྨི་8ལྷག་ཙམ་ཡོད་ཀྱང་སྔོག་གིན་དུ་རིམ་གྱིས་ཇེ་ཆུང་དུ་བཏང་ནས་ད་ཆ་སྨི་གཉིས་དང་ཕྱེད་ཀ་ཙམ་ལས་མེད”ཅེས་བཤད།
    མ་གཞི་གསར་འགོད་པ་ཕུག་ལམ་དུ་སྐྱོད་ཐེངས་དང་པོ་མིན་ཡང་ཧ་པ་གངས་རིའི་ཕུག་ལམ་གྱི་བཟོ་དབྱིབས་ཀྱི་འགྱུར་བ་ལས་བློ་མི་བདེ་བའི་སྣང་བ་ཅུང་ཟད་སྐྱེས། གསར་འགོད་པའི་དོགས་འཆར་ཧོ་ཨེར་ལུན་གྱིས་ཚོར་བ་ལྟར“ཕུག་ལམ་གྱི་གྱང་ངོས་སུ་ལྟ་ཞིབ་ཚད་ལེན་བྱེད་ས་བཙུགས་ཡོད་ལ། ཐོག་ཏུའང་ཆེད་མངགས་བཟོས་པའི་འགོག་སྲུང་དྲ་བ་བཀལ་ཡོད། ཕུག་ལམ་ཨར་སྐྲུན་བྱེད་སྐབས་བདེ་འཇགས་ནི་ཨང་དང་པོ་རེད”ཅེས་གསར་འགོད་པར་བཤད།
    “ཇི་ལྟར་བྱས་ཏེ་ཐེག་ཤུགས་ཆེ་བའི་དབང་གིས་ཕུག་ལམ་གྱི་བཟོ་དབྱིབས་འགྱུར་བའི་གནད་དོན་མི་ཐོན་པ་བྱེད་དགོས་པ་ནི་ཐག་གཅོད་བྱེད་དགོས་པའི་གནད་དོན་གཙོ་བོ་ཞིག་རེད། གཞན་མ་གཏོགས་ལས་ཀ་མང་པོ་རྐང་རྗེས་ལག་སུབ་ཏུ་གྱུར་ནས་རྙོག་དྲ་ཡང་སེ་ཐོན་པ་མ་ཟད། ལས་གྲྭའི་མྱུར་ཚད་ཀྱང་འགོར་དུ་འགྲོ་གི་ཡོད”ཅེས་ཧོ་ཨེར་ལུན་གྱིས་ངོ་སྤྲོད་བྱས།
    2017ལོའི་གོང་དུ་ཧ་པ་གངས་རིའི་ཕུག་ལམ་གྱི་ལམ་ངོས་རྐྱང་པ་ཟླ་རེར་སྨི་15ལས་བཟོ་ཐུབ་ཀྱི་མེད། གནས་དེར་ལས་ཀར་འབྱོར་རྗེས་ཧོ་ཨེར་ལུན་གྱིས་ས་དམ་ནས་སེམས་ཀྱི་ཉིན་ཟླ་བར་གྱི་ལྕགས་ལམ་གྱི་ཕུག་ལམ་གཞན་དག་གི་ལམ་ངོས་ཚང་མར་ལྟ་བར་བསྐྱོད་ནས་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། ཧ་པ་གངས་རིའི་ཕུག་ལམ་གྱི་ཐོན་སྒོའི་ལམ་ངོས་2018ལོའི་ཟླ་5པར་ཟླ་རེར་སྨི་60སྔོག་འདོན་ཐུབ་པའི་དམིགས་ཚད་སྒྲུབ་པ་རེད། “དྲང་པོ་བཤད་ན། ཨར་སྐྲུན་བྱེད་ཐབས་ལེགས་བཅོས་བྱས་པ་བརྒྱུད་ཟླ་རེར་སྨི་40ལེགས་གྲུབ་ཐུབ་པར་གནད་འགག་གང་ཡང་མེད་མོད། འོན་ཀྱང་སྨི་60ལེགས་གྲུབ་བྱེད་པར་ང་རང་ལའང་གདེང་ཚོད་མེད”ཅེས་ཧོ་ཨེར་ལུན་གྱིས་བཤད།
     མྱུར་ཚད་མགྱོགས་སུ་གཏོང་དགོས་ཚེ། ཉམས་མྱོང་དང་དུ་ལེན་པའི་ཨར་སྐྲུན་བྱེད་ཐབས་དང་གོ་རིམ་ལྡན་པའི་ཨར་སྐྲུན་བྱེད་ཐབས་ལ་བརྟེན་དགོས། ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཡུན་ནན་ནུབ་རྒྱུད་ལྕགས་ལམ་འཛུགས་སྐྲུན་བཀོད་འདོམས་པུས་ཕྱོགས་ཁག་གི་བཟོ་རྩལ་གྱི་ལེགས་ཆ་བསྡུས་ནས་འཛུགས་སྐྲུན་ལ་སྤྱད་པས་ལས་ཆོད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། སྤྱིར་བཏང་ཕུག་ལམ་ལ་འདེགས་སྐྱོར་སྒྲོམ་རིམ་པ་གཅིག་ལས་དགོས་ཀྱི་མེད་ཀྱང་ཧ་པ་གངས་རིའི་ཕུག་ལམ་ལ་རིམ་པ་གསུམ་བརྒྱབ་པ་མ་ཟད། མུ་མཐུད་སྒྲིག་ཆས་གསར་དུ་བསྣན་པ་མ་ཟད་དེའི་ཁར་རྡབ་ཟོན་གྱང་ཞིག་བརྒྱབ་ནས་མི་གས་སམ་ཡང་ན་དབྱིབས་མི་འགྱུར་བར་བྱས་ཡོད། ཕྱོགས་བསྡུས་བཟོ་སྐྲུན་བྱེད་ཐབས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད་ཧོ་ཨེར་ལུན་དང་ཚོགས་པས་ལས་ཀའི་འཕེལ་རིམ་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་ཡང་ཡང་བཏོད་པ་རེད།
     དུས་ཡུན་རིང་པོ་དཀའ་ཚེགས་ཆེ་བའི་ལས་ཡུལ་དུ་བསྡད་པས་ཧོ་ཨེར་ལུན་ལ་ས་མཐོའི་རང་བཞིན་གྱི་ཁྲག་ཤེད་མཐོ་བའི་ནད་ཕོག ནང་མི་ཚོས་བསམ་ཤེས་མི་བྱེད་པའི་སྐབས་སུ་ཧོ་ཨེར་ལུན་གྱིས“མ་གཞི་ང་ནང་ལ་ལོག་ཉུང་ཉུང་ཡིན་ཡང་སེམས་ཀྱི་ཉི་ཟླའི་མང་ཚོགས་ཚོ་གང་མགྱོགས་ཤུགས་འགྲེམས་མེ་འཁོར་ལ་བསྡད་དེ་ནང་མི་དང་མཉམ་འཛོམས་བྱུང་ན་དེ་ལས་ཡག་པ་ཅི་ཞིག་ཡོད”ཅེས་ནང་མི་ཚོར་སེམས་གསོ་གཏོང་གི་ཡོད། ཁོང་གིས་ཕུག་ལམ་གྱི་གློག་འོད་ལ་མཛུབ་མོ་བཙུགས་ཏེ“ད་ཆ་སྨི་བརྒྱ་ཙམ་ལས་ལུས་མེད་པས་རྒྱལ་ཁ་ཐོབ་ཉེར་ཡོད”ཅེས་བཤད།