འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྐད་འཕྲིན་ཚོགས་པའི་ནང་ཁྱིམ་མཚེས་ལ་དམའ་འབེབས་བཏང་བར་ཁྲིམས་ཆད་འདི་ལྟར་བཅད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་10ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། པེ་ཅིང་ཁྲིམས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་དཔེ་མཚོན་གྱོད་དཔེ་འགའ་བརྡ་ཁྱབ་བཏང་བ་རེད། 
ཁྲེང་ཆེ་གེ་མོ་དང་ཀྲོའུ་ཆེ་གེ་མོ་གཉིས་ནི་པེ་ཅིང་ཐུང་ཀྲོའུ་ཡི་སྡེ་ཁུལ་ག་གེ་མོ་ཞིག་གི་ཐོག་ཁང་གཅིག་དང་བརྩེགས་རིམ་གཅིག་གི་ཁྱིམ་མཚེས་རེད། 2021ལོའི་ཟླ་12ཚེས་4ཉིན། ཀྲོའུ་ཆེ་གེ་མོ་དང་གྲོགས་པོས་རང་ཉིད་ཀྱི་སྡོད་ཁང་གི་བར་ཁྱམས་སུ་ཐ་མག་འཐེན་པ་དང་། དེ་དང་མཉམ་དུ། ཐ་མག་གི་དུ་སྣེ་ཁྲེང་ཆེ་གེ་མོ་ཚང་གི་སྒོ་འགྲམ་དང་ཉེ་སར་གཡུགས་པས། ཁྲེང་ཆེ་གེ་མོས་གཞིས་བདག་སྐད་འཕྲིན་ཚོགས་པའི་ནང་དུ་བརྡ་འཕྲིན་བསྐུར་ནས། ཀྲོའུ་ཆེ་གེ་མོས་ས་དེ་རུ་ཐ་མག་འཐེན་མི་ཆོག་པ་དང་། ཐ་མག་གི་དུ་སྣེ་གང་འདོད་དུ་གཡུགས་མི་ཆོག་པའི་རེ་བ་བཏོན། དེའི་རྐྱེན་གྱིས་ཕྱོགས་གཉིས་ཀས་སྐད་འཕྲིན་ཚོགས་པའི་ནང་དུ་ཁ་རྩོད་ཤོར། ཀྲོའུ་ཆེ་གེ་མོ་གཅེན་གཅུང་གཉིས་ཀྱིས་སྔ་གཞུག་ཏུ་སྐད་འཕྲིན་ཚོགས་པའི་ནང་དུ་ཁྲེང་ཆེ་གེ་མོར་ཚིག་ངན་གྱིས་དམའ་འབེབས་བཏང་། 
   པེ་ཅིང་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གསུམ་པའི་དམངས་དོན་ཁྲིམས་ར་དང་པོའི་ཁྲིམས་དཔོན་ཝང་ཐེན་ཧྲུའེ་ཡིས། ཀྲོའུ་ཆེ་གེ་མོའི་གཅེན་གཅུང་གཉིས་པོས་སྐད་འཕྲིན་ཚོགས་པའི་ནང་ཁྲེང་ཆེ་གེ་མོ་ལ་བསྐུར་བའི་ནང་དོན་དེའི་ནང་མཚན་མའི་ལས་ཀ་བྱེད་མཁན་ཡིན་པ་སྟོན་པའི་ནང་དོན་ཚུད་ཡོད་ཅིང་། ནང་དོན་དེ་དག་ལ་མ་རབས་ཐ་ཤལ་དང་བུད་མེད་ལ་བརྩི་འཇོག་མི་བྱེད་པ་མ་ཟད་དམའ་འབེབས་ཀྱི་ནང་དོན་ཡང་ལྡན་ཡོད།
    ཁྲེང་ཆེ་གེ་མོས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། ཀྲོའུ་ཆེ་གེ་མོ་གཅེན་གཅུང་གཉིས་ཀྱི་སྐད་འཕྲིན་ཚོགས་པའི་ནང་གི་གཏམ་བརྗོད་དེ་དག་གིས་རང་གི་མཚན་སྙན་དང་མི་གཤིས་ལ་དམའ་འབེབས་བཏང་བར་སྙམ་ནས། མི་དེ་གཉིས་ཀྱིས་སྡེ་ཁུལ་གྱི་གཞིས་བདག་སྐད་འཕྲིན་ཚོགས་པའི་ནང་དུ་དགོངས་དག་ཞུ་དགོས་པ་མ་ཟད། བསམ་པར་གནོད་སྐྱོན་བཟོས་པའི་སྐྱིན་ཚབ་དངུལ་སྒོར་5000སྤྲོད་དགོས་པའི་རེ་བ་བཏོན།
    ཁྲིམས་ཁང་གིས་འདྲི་ཞིབ་བྱས་ནས་ངོས་འཛིན་བྱས་དོན། ཁྲེང་ཆེ་གེ་མོས་སྡེ་ཁུལ་གཞིས་བདག་གི་སྐད་འཕྲིན་ཚོགས་པའི་ནང་། ཀྲོའུ་ཆེ་གེ་མོས་སྤྱི་པའི་ཁུལ་དུ་ཐ་མག་འཐེན་པ་དང་དུ་སྣེ་གང་བྱུང་དུ་དབྱུག་པར་སྐྱོན་བརྗོད་དང་བཀག་འགོག་བྱས་པར་མི་འགྲིག་ས་མེད་པ་དང་། སྤྱིར་བཏང་གི་སྤྱི་དམངས་ཀྱི་ཤེས་རྟོགས་ལ་བལྟས་ན། ཀྲོའུ་ཆེ་གེ་མོ་གཅེན་གཅུང་གཉིས་པོས་སྔ་རྗེས་སུ་སྐད་འཕྲིན་ཚོགས་པའི་ནང་ཁྲེང་ཆེ་གེ་མོ་ལ་བསྐུར་བའི་ནང་དོན་ལ་མ་རབས་ཐ་ཤལ་དང་བུད་མེད་ལ་བརྩི་འཇོག་མི་བྱེད་པ་མ་ཟད་དམའ་འབེབས་ཀྱི་ངོ་བོ་ལྡན་པས། ཁྲེང་ཆེ་གེ་མོའི་མཚན་སྙན་ལ་དམའ་འབེབས་དང་མི་གཤིས་ལ་དམའ་འབེབས་བཏང་བ་ཡིན་པ་མངོན་གསལ་དོད་པོ་རེད། ད་དུང་གཞིས་བདག་ཚོགས་པའི་ནང་མི་139ཡོད་པས། ཀྲོའུ་ཆེ་གེ་མོ་གཅེན་གཅུང་གཉིས་ཀྱི་གཏམ་སྤྱོད་ནི་རང་སྣང་གི་ངན་སེམས་བཟུང་བ་མངོན་གསལ་ཡིན་ལ། ཁྲེང་ཆེ་གེ་མོའི་མི་གཤིས་ལ་རྒྱ་ལ་གནོད་འཚེ་བཟོས་པ་དང་། ཁྲེང་ཆེ་གེ་མོའི་མི་གཤིས་དབང་ཆར་ཐུན་མོང་ཐོག་གནོད་འཚེ་བཏང་བ་གྲུབ། འོན་ཀྱང་། ཁྲེང་ཆེ་གེ་མོའི་བསམ་པར་གནོད་འཚེ་ཚབས་ཆེན་བཟོས་པའི་ཚད་ལ་ལོན་མེད། མཐར་ཁྲིམས་ཁང་གིས་ཀྲོའུ་ཆེ་གེ་མོ་གཅེན་གཅུང་གཉིས་ལ་ཉིན་གསུམ་བསྟུད་མར་སྡེ་ཁུལ་གྱི་གཞིས་བདག་སྐད་འཕྲིན་ཚོགས་པའི་ནང་དུ་དགོངས་དག་ཞུ་བའི་གསལ་བསྒྲགས་སྤེལ་ནས་ཁྲེང་ཆེ་གེ་མོ་ལ་ཡོངས་གྲགས་ཀྱིས་དགོངས་དག་ཞུ་དགོས་པའི་ཁྲིམས་ཐག་བཅད།