འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀན་སུའུ་ཡིས་དུས་ཚིགས་དང་པོར་མ་དངུལ་སྒོར་དུང་ཕྱུར་134.3བཏང་ནས། འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་08ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་2ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀན་སུའུ་ཡིས་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་ཕྱོགས་ཡོངས་ནས་བྱེད་མགྱོགས་སུ་བཏང་སྟེ། དུས་ཚིགས་དང་པོར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་134.3གཏོང་རྒྱུ་ཡིན་པ་དེ་སྔོན་དཔག་ལྟར་ན་དུས་མཚུངས་ལས་16.2%འཕར་རྒྱུ་ཡིན་པ་དང་། ལོ་ཧྲིལ་པོའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དཔལ་འབྱོར་འཁོར་སྐྱོད་འགོ་འཛུགས་མ་ཐག་གྲུབ་འབྲས་ཐོབ་པའི་འགན་ལེན་བྱས་པས། ཚད་གཞི་ལུགས་མཐུན་ངང་འཕར་བ་དང་སྤུས་ཚད་བརྟན་པོའི་ངང་འཕར་རྒྱུ་མངོན་འགྱུར་བྱུང་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ཀན་སུའུ་ཡིས་དུས་ཚིགས་དང་པོའི་བཀོད་གཏོང་བྱེད་ཁོངས་སུ་བཅུག་པའི་རྣམ་གྲངས་གཙོ་བོའི་ནང་ཝུའེ་ཝུའུ་དང་། ཝུའུ་ཅིའུ། ཕེང་ཏ། ལན་ཀྲོའུ་ཡི་བྱང་བསྐོར་ཤར་ལམ། ཧོ་སའེ་བཅས་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ལྔ་དང་། ལིན་ཏ་དང་། ལིན་ཁང་ཀོང་། ཨན་ལིན། ཏ་ཆིང་། ཐུང་ཏིང་། ལན་ཡུང་ལིན། ཡུང་ཏ། ཧོ་ཁྲང་སོགས་ཞིང་ཆེན་རིམ་པའི་མྱུར་བགྲོད་གཞུང་ལམ་ཁག་19དང་། དེ་བཞིན་ཆིང་ཕུའུ་དང་། ཕུའུ་ཁུའུ། ཐའེ་ཧྭ། ཆིང་དབྱང་རྒྱལ་སྒྲོལ་དུམ་བུ། ལུའུ་པའེ། ཧྭ་ཨར་སོགས་རྒྱལ་ལམ་22ཡོད་པ་རེད།
     “ཟླ་རེར་འཕར་བའི”དམིགས་ཚད་གཞིར་བཟུང་། འདི་ལོའི་ཟླ་དང་པོར་ཀན་སུའུ་ཡི་གཞུང་ལམ་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་11.7བཏང་བ་དེ་དུས་མཚུངས་ལས་3.1%འཕར་བ་དེའི་ནང་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་གཏོང་ཚད་61.5%ཟིན་ཡོད་པ་རེད། “མཆོངས་ནས་ཁམ་བུ་འཐོག་པའི”རྩ་དོན་ལྟར། ཞིང་ཆེན་དེ་ཡོངས་ཀྱི་འགྲིམ་འགྲུལ་ཁོངས་གཏོགས་ཀྱིས་འབད་འབུངས་ལྡབ་བརྒྱ་བྱས་ཏེ་ལོ་ཧྲིལ་པོར་གཞུང་ལམ་དང་། ཆུ་ལམ། གནམ་ཐང་བཅས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་1206གཏོང་རྩིས་ཡོད་པ་དེའི་ནང་གཞུང་ལམ་དང་ཆུ་ལམ་ལ་མ་དངུལ་སྒོར་དུང་ཕྱུར་1146དང་གནམ་ཐང་ལ་མ་དངུལ་སྒོར་དུང་ཕྱུར་60གཏོང་རྩིས་ཡོད་པ་རེད།
     ན་ནིང་། ཀན་སུའུ་ཡིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དཔལ་འབྱོར་འཁོར་སྐྱོད་ལ་སྤྱི་འདོམས་བྱས་ནས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ཆེན་པོ་ལས་ཐེངས་དང་པོར་བརྒལ་བ་དང་11.7%འཕར་ནས་བསྡོམས་འབོར་ནུབ་བྱང་ཞིང་ཆེན་ལྔའི་ཨང་དང་པོར་སླེབས་པ་དང་། རིམ་མཐོའི་གཞུང་ལམ་15བསྐྲུན་པར་ལམ་ཐག་སྤྱི་ལེ་700ལས་བརྒལ་བ་དང་རིམ་པ་གཉིས་པའི་གཞུང་ལམ་9ལ་ལམ་ཐག་སྤྱི་ལེ་160ཟིན་ནས་ཞིང་ཆེན་དེ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་7400ལྷག་ཙམ་ཟིན་ཡོད་པ་རེད། འདི་ལོ་ཀན་སུའུ་ཞིང་ཆེན་གྱིས་རྫོང་བརྒྱད་ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པའི་འབད་འཐབ་དམིགས་ཚད་གཏན་འཁེལ་བྱས་པ་དང་ལོ་མཇུག་ཏུ་སླེབས་སྐབས་ཞིང་ཆེན་དེ་ཡོངས་སུ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་དང་ཆུས་80ཟིན་རྒྱུ་རེད།