འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཤང་ཀང་གིས་སྒོར་ཁྲི་50ཟིན་པའི་རིན་མེད་གནམ་གྲུའི་སྤ་སེ་སྤྲོད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་03ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་གཙོ་ལི་ཅཱ་ཁྲའོ་ཡིས་ཚེས་2ཉིན་ཤང་ཀང་དུ་ཀྲུང་གོའི་ནང་ས་དང་ཕྱི་རྒྱལ་གྱི་འགྲུལ་པར་རིན་མེད་གནམ་གྲུའི་སྤ་སེ་སྒོར་ཁྲི་50སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཁོང་གིས་“འདི་ནི་འཛམ་གླིང་ཐོག་དགའ་བསུ་ཆེན་པོ་ཞུ་བའི་ཕྱག་རྟགས་ཤིག་རེད་”ཅེས་བརྗོད།
    ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་གཙོ་སྐྱོང་བྱས་པའི་“ཤང་ཀང་། བཀྲིས་བདེ་ལེགས་”ཞེས་པའི་འགོ་ཚུགས་མཛད་སྒོ་དེ་ཉིན་ཤང་ཀང་གི་ཚོགས་འགྲེམས་ལྟེ་གནས་སུ་ཚུགས་ནས། འཛམ་གླིང་ཡོངས་ལ་ཤང་ཀང་གི་འབྱུང་རབས་ཡག་པོར་ཤོད་པ་དང་། ཤང་ཀང་གི་ཚོང་ལས་གོ་སྐབས་ཁྱབ་གདལ་གཏོང་བ། རིག་གནས་མཛེས་ལྗོངས་ཁུལ་དང་དེ་བཞིན་ཡུལ་སྐོར་བའི་ཉམས་ལེན་བྱེད་སྒོ་བཅས་གཅིག་རྗེས་གཉིས་མཐུད་དུ་སྤེལ་འགོ་ཚུགས་པ་རེད།
    ལི་ཅཱ་ཁྲའོ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་སྤྱི་སྐད་དང་། ཀོང་ཏུང་གི་སྐད། དབྱིན་སྐད་བཅས་སྐད་རིགས་གསུམ་གྱི་ཐོག་ནས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ཡུལ་སྐོར་བ་འགུགས་རྒྱུའི་སྐོར་གྱི་འབྲེལ་ཡོད་བྱ་ཐབས་ངོ་སྤྲོད་བྱས་པ་རེད། ཁོང་གིས་ངོ་སྤྲོད་གནང་བར་གཞིགས་ན། རིན་པ་མི་དགོས་པར་གནམ་གྲུའི་སྤ་སེ་སྤྲོད་པ་ཕུད། ད་དུང་བྱེད་ཐབས་གསུམ་ཡོད་པའི་ནང་བྱེད་སྒོ་ཆེ་གྲས་དང་། ཚོང་དོན་འགྲེམས་སྟོན། རྒྱལ་སྤྱིའི་འགྲེམས་སྟོན་བཅས་སྤེལ་ནས་འགྲུལ་པ་འགུག་རྒྱུ་དང་། ཕྱི་རྒྱལ་དང་ནང་སའི་མི་སྣར་ཤང་ཀང་གི་འབྱུང་རབས་ཡག་པོར་ཤོད་པ། གོ་ལ་ཧྲིལ་པོའི་ཚོང་དོན་ལས་རིགས་ཀྱི་རིམ་པ་མཐོ་ཤོས་ཀྱི་མི་སྣ་དང་། ཆབ་སྲིད་མི་སྣ། སྨྱན་སྦྱོར་སྒྲིག་གཞིའི་འགན་འཁུར་བ་བཅས་དང་དེ་བཞིན་ཤུགས་རྐྱེན་ཆེ་བའི་མི་སྣ་ཤང་ཀང་དུ་འཚམས་འདྲིར་གདན་འདྲེན་ཞུ་རྒྱུ་རེད།
    ལི་ཅཱ་ཁྲའོ་ཡིས་བསྟན་དོན། ཤང་ཀང་ནི་བཅོས་སྒྲིག་ནས་དར་རྒྱས་གཏོང་བའི་དུས་མཚམས་གསར་པར་སླེབས་ཡོད། ཁྱོན་ཡོངས་ནས་སླར་གསོ་བྱེད་བཞིན་པའི་ཤང་ཀང་གིས་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་“འགུལ་ན་རི་བོང་ལས་ཀྱང་མྱུར་བའི་”མཆོང་སྐྱོད་མགྱོགས་པོ་བྱས་ཡོད། ད་ལོ། ཤང་ཀང་གི་ཚོགས་ཁང་དུ་དོན་ཆེན་མང་པོ་གཉེར་རྒྱུ་སྟེ། དེའི་ཁྱབ་ཁོངས་སུ་དངུལ་རྩ་དང་། དཔལ་འབྱོར། ཚན་རྩལ་གསར་གཏོད། ལུས་རྩལ་འགྲན་བསྡུར། རིག་གནས་སྒྱུ་རྩལ། ཞིམ་ཟས་དང་ཆང་རིགས། རྒྱལ་སྤྱིའི་ཚོགས་འདུ་དང་འགྲེམས་སྟོན་ཆེ་གྲས་སྣ་ཚོགས་ཡོད། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རྒྱུན་གཏན་གྱི་དུས་བབ་བཟང་པོའི་འོག་འཚམས་འདྲི་ཚོགས་པ་མི་འདྲ་བ་སྣེ་ཁྲིད་དང་སྒྲིག་འཛུགས་བྱས་ཏེ་ནང་ས་དང་ཕྱི་རྒྱལ་དུ་ཤང་ཀང་གི་འབྱུང་རབས་ཡག་པོར་ཤོད་པ་དང་། ཚོང་དོན་དང་། ཡུལ་སྐོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་སོགས་པའི་སྐུལ་འདེད་གཏོང་རྒྱུ་རེད།
    ལི་ཅཱ་ཁྲའོ་ཡིས་བསྟན་དོན། ལོ་གསར་པའི་ནང་ཤང་ཀང་གི་ཁྲོམ་ར་སྔར་བས་འཁྲུག་ཆ་དོད་དུ་འགྲོ་བ་དང་། ཡུལ་སྐོར་བ་མང་པོ་སླེབས་པ། ཚོང་ཁང་དུ་མི་རྒྱུའི་འདུ་ལོང་ཆེ་བ། ཡུལ་སྐོར་མཛེས་ལྗོངས་སོགས་འཁྲུག་ཆ་དོད་པ། དཔལ་འབྱོར་ཡག་ཏུ་འགྲོ་བ། སྒུལ་ཤུགས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཡོང་རྒྱུ་རེད། ཁོང་གིས་འཛམ་གླིང་གི་ཡུལ་ལུང་གང་སའི་ཡུལ་སྐོར་བ་དང་། མ་དངུལ་འཇོག་མཁན། ཁེ་ལས་མཁས་ཅན། གསར་གཏོད་པ་བཅས་ཤང་ཀང་དུ་ཕེབས་ནས་འདི་གའི་གསོན་ཤུགས་ཉམས་སུ་བསྟར་རྒྱུ་དང་། གོ་སྐབས་བཙལ་ནས་འཆར་གཞི་ཆེན་པོ་གཏོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད། 
    ལི་ཅཱ་ཁྲའོ་ཡིས། “ཤང་ཀང་རྒྱལ་སྤྱིའི་གར་སྟེགས་ཀྱི་ལྟེ་གནས་སུ་ལོག་པས། ནང་ས་དང་གོ་ལ་ཧྲིལ་པོའི་ཡུལ་སྐོར་བ་ཁྱོན་ཡོངས་ལ་དགའ་བསུ་ཞུ་རྒྱུ་ཡིན།  ཚང་མ་ཡང་བསྐྱར་འཛོམས་པའི་དུས། ‘སྐུ་ཁམས་བཟང་’ཞེས་འབོད་པའི་སྒྲ། སྨྲ་བརྗོད་ཀུན་ལས་ལྷག་པ་ཡིན། ལྷན་རྒྱས་ཤང་ཀང་དུ་འཇལ་བའི་རེ་སྨོན་བྱེད་ཀྱིན་ཡོད། ལྷན་རྒྱས་ཀྱིས་ང་ཚོར་‘ཤང་ཀང་། བཀྲིས་བདེ་ལེགས་’ཞེས་གསུངས་རྒྱུའི་ངང་སྒུག་བྱས་ནས་ཡོད”ཅེས་བཤད།