འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨན་ཧུའེ་ཡིས་གྲོང་གསེབ་ཀྱི་ཆུ་གཙང་བཟོའི་འགག་སྒྲོལ་བྱ་སྤྱོད་ཇུས་གཞི་བཏོན།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་03ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    2025ལོར་སླེབས་སྐབས་གྲོང་གསེབ་ཀྱི་བཙོག་ཆུ་དྲི་ངན་ཅན་ ཕྱོགས་ཡོངས་ནས་གཙང་སེལ་བྱེད་རྒྱུ་ཡིན་པ།
     འདི་ག་ཚགས་པར་ཁང་དུ་ཧོ་ཧྥེ་ནས་ཟླ་2ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨན་ཧུའེ་ཞིང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས《ཨན་ཧུའེ་ཞིང་ཆེན་གྱི་གྲོང་གསེབ་ཀྱི་ཆུ་གཙང་བཟོའི་འགག་སྒྲོལ་བྱ་སྤྱོད་ཇུས་གཞི》(གཤམ་དུ《བྱ་སྤྱོད་ཇུས་གཞི》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས། 2025ལོར་སླེབས་སྐབས། གྲོང་གསེབ་ཀྱི་བཙོག་ཆུ་དྲི་ངན་ཅན་ཕྱོགས་ཡོངས་ནས་གཙང་སེལ་བྱེད་པ་དང་གྲོང་གསེབ་ཀྱི་བཙོག་ཆུ་དྲི་ངན་ཅན་ལ་དམིགས་ནས་དོ་དམ་སྲུང་སྐྱོང་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ལས་ཀའི་དམིགས་ཚད་བཏོན་པ་རེད།
    《བྱ་སྤྱོད་ཇུས་གཞིའི》ནང་བླང་བྱ་བཏོན་དོན། ས་གནས་ཁག་གིས་2025ལོའི་དམིགས་ཚད་བླང་བྱར་ཞིབ་བསྡུར་བྱས་ནས་ལོ་རེ་བཞིན་བཅོས་སྒྲིག་ལས་འགན་ཁག་བགོས་ཀྱིས་བཅོས་སྐྱོང་ལག་བསྟར་འཆར་གཞི་བཟོ་དགོས་པ་དང་། རྫོང(གྲོང་ཁྱེར་དང་ཆུས)ཁག་གིས་2023ལོར་གྲོང་གསེབ་ཀྱི་བཙོག་ཆུ་དྲི་ངན་ཅན་གཙང་སེལ་བྱེད་ཚད་45%ལས་མི་ཉུང་བ་དང་། 2024ལོར་70%ལས་མི་ཉུང་བ། 2025ལོར་ཕྱོགས་ཡོངས་ནས་གཙང་སེལ་བྱེད་པ་བཅས་ཀྱི་འཕེལ་རིམ་བླང་བྱ་ལྟར། བཅོས་སྒྲིག་འཆར་གཞི་བཟོས་ནས་བརྟག་དཔྱད་གཏིང་ཟབ་དང་ཁུངས་འདེད་གང་ལེགས་བྱེད་པའི་རྨང་གཞིའི་ཐོག“ཆུ་རེར་ཇུས་རེའི”བཅོས་སྒྲིག་ཇུས་གཞི་བཟོ་དགོས།
    《བྱ་སྤྱོད་ཇུས་གཞིའི》ནང་གྲོང་གསེབ་ཀྱི་བཙོག་ཆུ་དྲི་ངན་ཅན་གྱི་ཆུ་འགོ་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ་བྱ་རྒྱུའི་ཐད་བླང་བྱ་བཏོན་པ་དང་། གྲོང་གསེབ་ཀྱི་བཙོག་ཆུ་དྲི་ངན་ཅན་གྱི་འབྱུང་རྐྱེན་དང་མིག་སྔའི་ཆུ་སྤུས་ཀྱི་གནས་ཚུལ་ལ་དམིགས་ནས“བཅོས་སྐྱོང་ལྔ་དང་། གཙང་སེལ་གཉིས། ཤར་གཏོང་གཅིག”བཅས་ཀྱི་བཅོས་སྐྱོང་བྱེད་ཐབས་བརྒྱད་བཏོན་ཡོད། “བཅོས་སྐྱོང་ལྔ”ནི་འཚོ་བའི་བཙོག་ཆུ་གཙང་སེལ་དང་། ཕྱུགས་རིགས་དང་བྱ་རིགས་གསོ་ཚགས་ཀྱི་བཙོག་ཆུ་བཅོས་སྐྱོང་། ཆུ་ཐོན་གསོ་སྤེལ་གྱི་ཆུ་ལྷག་བཅོས་སྐྱོང་། བཟོ་ལས་དང་ཞབས་ཞུའི་ལས་རིགས་ཀྱི་བཙོག་ཆུ་བཅོས་སྐྱོང་། འདེབས་འཛུགས་ལས་རིགས་ཀྱི་ངེས་མེད་སྦགས་བཙོག་བཅོས་སྐྱོང་བཅས་ཡིན་པ་དང་། “གཙང་སེལ་གཉིས”ནི་གད་སྙིགས་སྣ་ཚོགས་གཙང་སེལ་དང་རྫབ་སྙིགས་གཙང་སེལ་བྱ་རྒྱུ་ཡིན་པ། “ཤར་གཏོང་གཅིག”ནི་གྲོང་གསེབ་དབར་འབྲེལ་མཐུད་ཀྱི་ཆུ་རྒྱུད་ཤར་ཐུབ་པ་བཅས་ཡིན།
    གཞན་ཡང་། 《བྱ་སྤྱོད་ཇུས་གཞིའི》ནང་བཙོག་ཆུ་དྲི་ངན་ཅན་བཅོས་སྒྲིག་དང་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་དང་རྒྱུན་རྣམ་ཅན་གྱི་དོ་དམ་སྲུང་སྐྱོང་ལས་དོན་ཐད་གཏན་འབེབས་བྱས་ཡོད་པ་རེད། “རྫོང་གིས་ཞིབ་བཤེར་རྩིས་ལེན་དང་། གྲོང་ཁྱེར་གྱིས་བསྐྱར་ཞིབ། ཞིང་ཆེན་གྱིས་དཔྱད་དཔོག”བཅས་བྱེད་པའི་ལམ་སྲོལ་བཙུགས་ཏེ། 5%ལས་མི་ཉུང་བའི་བསྡུར་ཚད་ལྟར་ཟུར་བཤེར་དཔྱད་དཔོག་སྒྲིག་འཛུགས་བྱ་རྒྱུ་དང་། ཟུར་བཤེར་དཔྱད་དཔོག་བྱས་འབྲས་དེ་གྲོང་ཁྱེར་སྲིད་གཞུང་ཁག་གི་དམིགས་ཚད་དོ་དམ་གྱི་ལས་རྗེས་དཔྱད་ཞིབ་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། བཙོག་ཆུ་དྲི་ངན་ཅན་ལ་རྒྱུན་གཏན་ཅན་གྱི་དོ་དམ་ཡག་པོ་བྱ་ཆེད། ཇུས་གཞིའི་ནང་བཅོས་སྒྲིག་ལེགས་སྒྲུབ་བྱས་པའི་གྲོང་གསེབ་ཀྱི་བཙོག་ཆུ་དྲི་ངན་ཅན་ལ་ལོ་ལྟར་གྱི་དུས་ཚིགས་གསུམ་པ་དང་བཞི་པ་སོ་སོར་ཉུང་མཐར་ཡང་ཆུ་སྤུས་ལྟ་ཞིབ་ཚད་ལེན་ཐེངས་གཅིག་བྱེད་དགོས་པ་མ་ཟད། དུས་བཀག་བཞིན་སྐོར་ཞིབ་དང་དོ་དམ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།