འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱས་ནས་བོད་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་28ཉིན། 12:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཚའོ་ཅན་དང་། ལུའེ་ཆིའུ་ཕིང་། སྐལ་བཟང་རྣམ་རྒྱལ།
     དགུན་ཨ་རང་ད་རང་གི་དུས་སུ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་འབྲོག་ལས་དལ་བའི་དུས་སུ་སླེབས། སྐལ་བཟང་རྒྱལ་མཚན་ཞོགས་སྔ་པོ་ནས་རང་ཁྱིམ་ནས་ཐོན་ཏེ་ཐག་མི་རིང་བའི་མཉམ་ལས་ཁང་དུ་ཉིན་གཅིག་གི་ཐང་ག་བཞེངས་འགོ་ཚུགས།
     འདི་ལོ་ལོ་47ལ་སླེབས་པའི་སྐལ་བཟང་རྒྱལ་མཚན་ནི་འགོ་འཇོ་རྫོང་སྐྱ་འབེལ་ཤང་བསམ་གྲུབ་ཡར་གྲོང་ཚོ་ནས་ཡིན་ཞིང་། ཁྱིམ་གྱི་ཡོང་འབབ་གཙོ་བོ་ནི་འབྲི་གཡག་གསོ་ཚགས་དང་ནས་བཏབ་པ་ལས་བྱུང་ཞིང་། ཐང་ག་བཞེངས་རྒྱུ་ནི་ཁོང་གིས་སྔར་ནས་བཟུང་གི་དགའ་པོ་བྱེད་ས་ཞིག་རེད། 2017ལོར་གྲོང་ཚོར་ཐང་གའི་མཉམ་ལས་ཁང་བཙུགས་པས་སྐལ་བཟང་རྒྱལ་མཚན་གྱིས་གོ་སྐབས་དེ་སྤྱད་ནས་འབྲོག་ལས་དལ་བའི་སྐབས་སུ་འདི་གར་ཐང་ག་བཞེངས་པར་ཡོང་གི་ཡོད་པ་དང་ཉིན་རེར་གླ་ཕོགས་སྒོར་150ལེན་རྒྱུ་ཡོད་པ་རེད།
     “ངས་འབད་བརྩོན་ཆེན་པོས་ལག་རྩལ་སྦྱངས་ཚེ་འབབ་འཕར་ཕྱུག་འགྱུར་ཡོང་ངེས་རེད”ཅེས་སྐལ་བཟང་རྒྱལ་མཚན་གྱིས་བཤད།
     སྐལ་བཟང་རྒྱལ་མཚན་ལས་ཀ་བྱེད་སའི་དེའུ་དམར་སྒྱུ་རྩལ་རྒྱུན་འཛིན་ཆེད་ལས་མཉམ་ལས་ཁང་དེ་བསམ་གྲུབ་ཡར་གྲོང་ཚོའི་གྲོང་མི་དང་བོད་ཀྱི་རིམ་པ་དང་པོའི་ཐང་ག་བཞེངས་མཁན་ཤེས་རབ་ཉི་མས་བཙུགས་པ་ཞིག་རེད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་མཉམ་ལས་ཁང་དུ་ལས་མི་25ཡོད་པ་དང་ལས་བཟོའི་ཉིན་རེའི་གླ་ཕོགས་མཐོ་ཤོས་ལ་སྒོར་200ལྷག་ཙམ་ཡོད།
     ཤེས་རབ་ཉི་མས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་འོག་མཉམ་ལས་ཁང་གིས་རྒྱལ་ཡོངས་ས་གནས་ཁག་ཏུ་ཐང་གའི་འགྲེམས་སྟོན་ཐེངས་མང་བྱས་པ་དང་འབྲེལ། དྲ་རྒྱའི་ཐད་གཏོང་སོགས་ཀྱི་བྱེད་ཐབས་བརྒྱུད་ཐང་གའི་བརྩམས་ཆོས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་ཡོད་ཅེས་བཤད།
     “ད་ཆ་ང་ཚོའི་ཐང་གའི་མངགས་ཐོ་ཟླ་གསུམ་བཞི་ཙམ་བར་གྱི་ཡོད”ཅེས་ཤེས་རབ་ཉི་མས་དགོད་འཚེར་འཚེར་ངང་བཤད།
     ཤེས་རབ་ཉི་མས་ཐང་ག་བཞེངས་སྐབས་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་བྱེད་དགོས་པ་མ་ཟད། དུས་རབས་ཀྱི་གསར་གཏོད་ལ་ཡང་སྣང་ཆེན་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། “ད་ཆ་འཚོ་བ་ཡག་པོ་དེ་འདྲ་ཡོད་པས། ང་ཚོས་གསར་གཏོད་བརྩམས་ཆོས་ལ་བརྟེན་ནས་དུས་རབས་འདི་ཟིན་ཐོར་འགོད་དགོས། སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་དང་དུས་རབས་ཀྱི་གཞི་རྒྱུ་གསར་རྩོམ་ནང་མཉམ་འདྲེས་ཐུབ་པར་བྱ་རྒྱུ་དེ་ཐང་གའི་སྒྱུ་རྩལ་གྱི་ངོས་ནས་བརྗོད་ན་ལག་གཡས་གཡོན་བཞིན་གལ་ཆེ་མཉམ་རེད”ཅེས་བཤད།
     རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག འགོ་འཇོ་རྫོང་གིས་2017ལོར་སྐྱ་འབེལ་ཤང་དུ་མི་རིགས་ལག་ཤེས་བཟོ་ལས་ཀྱི་གསོ་སྦྱོང་རྟེན་གཞི་བཙུགས་པར་ཁྱོན་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་ཡོད། མིག་སྔར་མཉམ་ལས་ཁང་13གསོ་སྦྱོང་རྟེན་གཞི་དེའི་ནང་ཞུགས་ཡོད་པ་དེ་དག་ཐང་ག་བཞེངས་པ་དང་དེ་བཞིན་སྤོས་དང་། བོད་སྨན། བོད་བཟོའི་གུར་བཅས་ཀྱི་ཐོན་སྐྱེད་དང་ཕྱིར་ཚོང་སོགས་ལས་རིགས་དང་འབྲེལ་བ་ཡོད་པ་མ་ཟད། ཉེ་འགྲམ་གྱི་གྲོང་མི་130ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པས་ཆ་སྙོམས་མི་རེར་ལོ་རེར་འབབ་འཕར་སྒོར་3000ལྷག་ཙམ་བྱུང་ཡོད་པ་རེད།
     “གསོ་སྦྱོང་རྟེན་གཞིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བར་སྒུལ་ནུས་གསར་པ་བསྣན་པ་མ་ཟད། མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་ཡང་ཕན་ཐོགས་ཡོད” འགོ་འཇོ་རྫོང་གི་རྫོང་དཔོན་གཞོན་པ་ཧྥན་ཀོང་ཆང་གིས། ལོ་ལྟར་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གོང་ནི་ལག་ཤེས་ཐོན་རྫས་བྲིན་ཁ་རྒྱུག་ཤོས་ཀྱི་དུས་ཡིན་ཞེས་བཤད།
     འདི་ལོ་མཐོ་འབྲིང་ལོ་རིམ་དང་པོ་འགྲིམ་བཞིན་པའི་བསམ་གྲུབ་ནོར་བུས་དགུན་གསེང་སྐབས་སུ་རྟག་ཏུ་མཉམ་ལས་ཁང་དུ་ཐང་ག་བཞེངས་སྟངས་སློབ་སྦྱོང་བྱེད་པར་ཡོང་གི་ཡོད། “ང་ཐང་ག་བཞེངས་རྒྱུར་ཧ་ཅང་དགའ་པོ་ཡོད། སློབ་ཆེན་ཐོན་རྗེས་རི་མོའི་དགེ་རྒན་ཞིག་བྱ་འདོད་ཡོད”ཅེས་ལོ་18ལ་སླེབས་པའི་བསམ་གྲུབ་ནོར་བུས་བཤད།