འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལོ་བཅུའི་རིང་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་1000 བྱས་པ་ཐེངས་གཉིས་ཟིན་པ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་བར་གོམ་སྟབས་བརྟན་པོ་སྤོས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་20ཉིན། 12:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་18ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་འཚོགས་པའི་རྒྱལ་ཡོངས་ཞིང་ལས་གྲོང་གསེབ་ཐིང་ཅུས་ཀྲང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་ལ་བརྟེན་ནས་ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། 2022ལོར་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལ་སླར་ཡང་ལོ་ལེགས་བྱུང་ནས་འབྲུ་རིགས་ཐོན་འབབ་ལོ་8བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་དུ་བརྟན་པོ་བྱུང་བ་དང་། ལོ་བཅུའི་རིང་རྒྱ་མ་དུང་ཕྱུར་1000བྱས་པ་ཐེངས་གཉིས་ཟིན་པ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་བར་གོམ་སྟབས་བརྟན་པོ་སྤོས་པ། གྲོང་གསེབ་དར་རྒྱས་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་བཅས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བར་རྨང་གཞིའི་འདེགས་སྐྱོར་བྱས་ཡོད།
     —— འབྲུ་རིགས་ཐོན་སྐྱེད་ལ་མུ་མཐུད་དམ་འཛིན་དང་། རྒྱ་ཁྱོན་དུས་ཚིགས་རེར་ཆེ་རུ་འགྲོ་བཞིན་ཡོད།
     རྒྱ་ཁྱོན་བརྟན་པོ་ཡོད་པས་རྨང་གཞི་བརྟན་དུ་ཕྱིན་པ། ས་གནས་ཁག་གིས་བར་འདེབས་དང་དུས་ཐོག་ཏུ་འདེབས་ཁྱོན་ཆེ་རུ་གཏོང་བར་སྐུལ་འདེད་བཏང་བས། རྒྱལ་ཡོངས་ཀྱི་དབྱར་འབྲུའི་རྒྱ་ཁྱོན་མུའུ་ཁྲི་138ཆེ་རུ་ཕྱིན་པ་དང་། སྔ་སྨིན་འབྲས་ཀྱི་རྒྱ་ཁྱོན་ལོ་གསུམ་བསྟུད་མར་ཆེ་རུ་ཕྱིན་པ། སྟོན་འབྲུ་འདེབས་ཁྱོན་བརྟན་པོའི་ངང་ཆེ་རུ་བཏང་བས། ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་1052ཆེ་རུ་ཕྱིན་པ་དང་། སྲན་ཆེན་འདེབས་ཁྱོན་མུའུ་དུང་ཕྱུར་1.54ཟིན་པ་བཅས་ནི་1958ལོ་ཚུན་གྱི་འདེབས་ཁྱོན་ཆེ་ཤོས་ཡིན་པ་རེད།
     ས་གནས་ཁག་དང་སྡེ་ཚན་ཁག་གིས་སོ་ནམ་དུས་ཚིགས་ལ་དམ་འཛིན་བྱས་ནས་དཔྱིད་རྨོད་དཔྱིད་འདེབས་དང་། དབྱར་བསྡུ་དང་དབྱར་བསྡུར་དོ་དམ། སྟོན་ཟླ་གསུམ་ལ་བྲེལ་བ་བཅས་བྱས་ཏེ། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབབ་བསྡོམས་འབོར་རྒྱ་མ་དུང་ཕྱུར་13731ཟིན་པ་དང་ཐོན་འཕར་རྒྱ་མ་དུང་ཕྱུར་74བྱུང་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། སྲན་ཆེན་རང་མཁོ་རང་སྤྲོད་ཐུབ་ཚད་བརྒྱ་ཆའི་གྲངས་3མཐོ་རུ་ཕྱིན་ནས་དཔྱད་ཞིབ་བྱེད་འོས་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ། ལོ་ཧྲིལ་པོར་ཤ་ཚལ་སྒོང་གསུམ་དང་ཤིང་འབྲས་མཁོ་སྤྲོད་བྱེད་ཚད་འདང་ངེས་དང་རིན་གོང་བརྟན་པོ་ཡོད་པ་རེད།
     —— རྨོ་ཞིང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་ཞིང་ལས་ཚན་རྩལ་གསར་གཏོད་ལ་སྐུལ་མ་ནུས་ལྡན་ཐེབས་པ།
     ད་ལྟའི་རྨོ་ཞིང་ནི་མ་འོངས་པའི་ལྟོ་ཕོར་རེད། རྨོ་ཞིང་འཛུགས་སྐྲུན་དང་སྲུང་སྐྱོང་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་2022ལོར་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་1ལྷག་ཙམ་གསར་སྦོལ་བྱས་པ་དང་། མུའུ་དུང་ཕྱུར་10ཡི་དུས་མཚམས་རང་བཞིན་གྱི་འཛུགས་སྐྲུན་དམིགས་ཚད་ཚད་བརྒལ་ངང་ལེགས་སྒྲུབ་བྱས་པ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་ཚད་དང་སྤུས་ཚད་གཉིས་ཀ་མཐོ་རུ་བཏང་ཡོད། དེ་དང་ཆབས་ཅིག བྱང་ཤར་ས་ཁུལ་དུ་ས་ནག་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་མུའུ་ཁྲི་8300བྱས་པ་དང་ལོ་40སོང་རྗེས་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་བྱེད་འགོ་ཚུགས་པ་རེད།
     ཚན་རྩལ་གྱིས་དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་ལ་འདེགས་སྐྱོར་གལ་ཆེན་བྱས་པ། 2022ལོར་རྒྱལ་ཡོངས་ཀྱི་ཞིང་ལས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་ནས་ཞིང་ལས་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད་62.4%ཟིན་ཡོད། འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལ་འཕེལ་རྒྱས་ཡག་པོ་བྱུང་བ་དང་། ཧའེ་ནན་ཡ་ཀྲོའུ་མཚོ་ཁུག་རྒྱལ་ཁབ་ཚོད་ལྟ་ཁང་སྒོ་བྱང་བཀལ་ནས་བཙུགས་པ། བྱ་དེ་དཀར་པོའི་རིགས་ཀྱི་རང་བདག་གི་ཁྲོམ་ར་བཟུང་ཚད་15%ཟིན་པ། རི་མ་ཐང་དུ་སྤྱོད་པའི་འདྲུད་འཐེན་འཁོར་ལོ་དང་བསྐྱར་སྐྱེས་ཆུ་འབྲས་འཕྲུལ་བསྡུ་ཚོད་ལྟ་ལེགས་གྲུབ་བྱུང་བ་བཅས་ལས་འདི་ལོའི་ལོ་སྨད་དུ་ཐོན་འབབ་འཕར་རེ་ཆེན་པོ་ཡོད་པ་རེད།
     —— དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་ནས་དབུལ་སྒྲོལ་ས་ཁུལ་གྱི་ཞིང་པའི་ཡོང་འབབ་འཕར་མགྱོགས་སུ་ཕྱིན་པ།
     དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ཡོད། 2022ལོར་ས་གནས་ཁག་གིས་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་ལེགས་སུ་བཏང་སྟེ། རོགས་རམ་བྱེད་ཐུབ་རིགས་ལ་རོགས་རམ་བྱས་ནས་དབུལ་སྒྲོལ་ས་ཁུལ་གྱི་དམངས་འཚོ་འགན་ལེན་བྱས་ཡོད། 2022ལོའི་ཟླ་12པའི་ཟླ་མཇུག་བར་ལྟ་ཞིབ་ཚད་ལེན་བྱ་ཡུལ་65.3%གྱི་དབུལ་པོ་བསྐྱར་ལོག་གི་ཉེན་ཁ་སེལ་ཡོད།
     དབུལ་སྒྲོལ་ས་ཁུལ་གྱི་ལས་གཉེར་དང་ལས་ཞུགས་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། ལོ་ཧྲིལ་པོར་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་ལས་གཉེར་དང་ལས་ཞུགས་ཀྱི་གཞི་ཁྱོན་མི་ཁྲི་3278ཟིན་པ་དེ་2021ལོ་ལས་མི་ཁྲི་133མང་དུ་ཕྱིན་ཡོད། “རོགས་སྐྱོར་འཁོར་ཁང”གི་ལས་ཞུགས་བསྡུ་ལེན་བྱེད་པའི་ནུས་པ་བརྟན་པོའི་ངང་ཆེ་རུ་བཏང་བ་དང་། སྤྱི་ཕན་ལས་གནས་མང་དུ་བཏང་བ། གུད་གསབ་ལས་སྤྲོད་བྱེད་རྒྱ་ཆེ་རུ་བཏང་བ་བཅས་བྱས་ཏེ་ཕ་ཡུལ་དུ་ལོག་མཁན་ཞིང་པ་ལས་མི་ལས་ཀར་ཞུགས་ཚད་91%ལས་བརྒལ་བར་སྐུལ་ཁྲིད་ཐུབ་ཡོད།