འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“གཙང་གསུམ་ཆུ་འགོ”འཛམ་གླིང་གི་རྒྱལ་ཁབ་སྤྱི་གླིང་མ་ལག་ཆེ་ཤོས་གཏོད་པར“མཚོ་སྔོན་གྱི་སྟོབས་ཤུགས”ལེགས་སྐྱེས་ཕུལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་17ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ལོ་གསར་པ་ཤར་ཚུན། འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་དང་ཧྲེན་ཀྲེན་གྱི“སའི་གོ་ལ་གཅིག”རང་བྱུང་ཐེབས་རྩ་ལྷན་ཚོགས་ཀྱིས་སྐྱེ་ཁམས་བདག་སྐྱོང་པར་སྐོར་སྲུང་ཚད་ལེན་སྒྲིག་ཆས་ཆ་ཚང་ཁག་40ཞལ་འདེབས་བརྒྱབ་སྟེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སླར་ཡང་རམ་འདེགས་བྱས་པ་རེད།
     ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས། བརྗིད་ཉམས་ལྡན་པའི་རི་ཚོགས་སོགས་ཀྲུང་གོའི་ཁག་དང་པོ་དང་། རྒྱ་ཁྱོན་ཆེ་ཤོས། ས་བབ་མཐོ་ཤོས་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་ཡིན་པའི་ངོས་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་2016ལོའི་ཟླ་3པ་ནས་ད་བར་ལོ་མང་ཚོད་ལྟ་འཚོལ་ཞིབ་དང་འཛུགས་སྐྲུན་ལག་ལེན་བྱས་པ་བརྒྱུད། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་གསུམ་གཅིག་གྱུར་དམ་ཟབ་བྱུང་ཡོད།
     གཙང་གསུམ་ཆུ་འགོ་ཙམ་མ་ཟད། མཚོ་སྔོན་དུ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་སྤོས་པ་དང་མགྱོགས་སུ་བཏང་ཡོད། 2022ལོར་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་ལ་འཛུགས་གཏོད་བྱེད་ཆོག་པའི་དུས་མཚམས་སུ་སླེབས་པ་དང་འཆར་གཞི་བྱས་ན་2024ལོར་འཛུགས་གཏོད་ལས་འགན་ཁག་ལེགས་སྒྲུབ་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་གྲས་སུ་འཛུལ་རྒྱུ་རེད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གིས་ཚོད་ལྟའི་ལས་འགན་ལེགས་སྒྲུབ་ཟིན་པ་དང་། འདི་ལོ་དངོས་སུ་སྤྱི་གླིང་བསྐྲུན་རྒྱུ་རེད། གཞན་ཡང་། མཚོ་སྔོན་གྱིས་ད་དུང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྩིས་ཡོད་པ་རེད།
     ཉིན་ཤས་གོང་། 《རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་སྒྲིག་ཇུས་གཞི》བཀྲམ་ནས་རྒྱལ་ཁབ་སྤྱི་གླིང་གི་འོས་སྒུག་ཁུལ(དངོས་སུ་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་5ཚུད་པ)ཁྱོན་བསྡོམས་49བདམས་པ་དང་དེ་དག་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་110ཙམ་ཟིན་གྱི་ཡོད། ཇུས་གཞིའི་ནང་། 2035ལོར་སླེབས་སྐབས་རང་རྒྱལ་གྱིས་འཛམ་གླིང་ཐོག་གི་རྒྱལ་ཁབ་སྤྱི་གླིང་གི་མ་ལག་ཆེ་ཤོས་གཞི་རྩའི་ཆ་ནས་བསྐྲུན་ཐུབ་པ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།
     མཚོ་སྔོན་ཞིང་ཆེན་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས་2019ལོའི་ཟླ་6པར་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྔོན་དུ་རྒྱལ་ཁབ་སྤྱི་གླིང་གིས་གཙོས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་བསྐྲུན་འགོ་ཚུགས་ཤིང་། དེའི་ནང་གཙང་གསུམ་ཆུ་འགོ་དང་། མདོ་ལ་རི་བོ། མཚོ་སྔོན་པོ་བཅས་དང་། དེ་བཞིན་བསྐྲུན་རྩིས་ཡོད་པའི་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཚུད་ཡོད། དེ་དག་ཚང་མ་བསྐྲུན་ཟིན་རྗེས་མཚོ་སྔོན་ཞིང་ཆེན་ཁོ་ནའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་24ལྷག་ཙམ་ཟིན་ནས་ཞིང་ཆེན་དེ་ཡོངས་ཀྱི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་ལྷག་ཙམ་ཟིན་རྒྱུ་རེད། དེར་བརྟེན་རང་རྒྱལ་གྱིས་འཛམ་གླིང་ཐོག་གི་རྒྱལ་ཁབ་སྤྱི་གླིང་མ་ལག་ཆེ་ཤོས་གཏོད་རྒྱུར་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།