འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་བྱང་ཐང་ཁུལ་དུ་འབད་འཐབ་ཀྱིས། ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་སྦྱིན།

—— མཚོ་བོད་ལྕགས་ལམ་ནག་ཆུ་མེ་འཁོར་བབས་ཚུགས་ཀྱི་འཁོར་འགྲེམས་ཚོགས་ཆུང་གིས་ལས་གནས་བརྟན་པོར་སྲུང་བའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་16ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཧུང་མིང་།
     ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཡོད་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་གངས་ཆེན་པོ་ཞིག་བབས་མ་ཐག་ཡིན་པས་གྲང་རླུང་འུར་འུར་དུ་ལྡང་། འཁོར་འགྲེམས་ཀྱི་ལས་ཀ་ཚར་མ་ཐག་པའི་མཚོ་བོད་ལྕགས་ལམ་ནག་ཆུ་མེ་འཁོར་བབས་ཚུགས་ཀྱི་འཁོར་འགྲེམས་དཔོན་ཟླ་བ་ཚེ་རིང་མཆུ་ཏོ་སྨུག་པོར་གྱུར་པ་དང་ངོ་གདོང་ཡང་དམར་པོ་ཆགས་ཡོད་པས། ཁོང་གིས་འཕྲལ་དུ་གསོ་རླུང་བརྔུབས་པས་ད་གཟོད་གཟུགས་པོར་བདེ་སྣང་ཞིག་སྦྱིན།
     ལོ་རེའི་ཟླ་10པའི་རྗེས་སུ། བོད་བྱང་ཐང་དུ་ལྷགས་པ་ཤིན་ཏུ་ཆེ་ཞིང་། ཉིན་དགུང་ནས་ས་མ་རུབ་བར་དུ་གྲང་ལྷགས་འུར་འུར་དུ་ལྡང་གི་ཡོད། མཚོ་བོད་ལྕགས་ལམ་ནག་ཆུ་མེ་འཁོར་བབས་ཚུགས་ཀྱི་འཁོར་འགྲེམས་ཚོགས་ཆུང་ལ་མཚོན་ན་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་ནི་ལས་བྲེལ་ཆེ་ཤོས་ཀྱི་དུས་ཚོད་རེད།
     “འཁོར་འགྲེམས་ལས་ཀ་ནི་གཙོ་བོ་ཟོག་འདྲེན་འཁོར་སྒྲོམ་ཡིན་པས། དབྱར་དགུན་སྟོན་དཔྱིད་དང་ཉིན་མཚན་ག་དུས་ཡིན་རུང་། འཁོར་འགྲེམས་ཚོགས་ཆུང་གིས་ཆུ་ཚོད་24རིང་ལས་རེས་བཟོས་ནས་ལས་ཀ་བྱེད་དགོས་ཀྱི་ཡོད། འཁོར་འགྲེམས་ཀྱི་ལས་འགན་ཡོད་ཚེ་ཚད་གཞི་ལྟར་ལས་དོན་སྒྲུབ་པ་དང་ལས་ཀ་སྤུས་འབོར་གཉིས་ལྡན་ངང་ཚར་བ་བྱེད་དགོས་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང” ཞེས་ཟླ་བ་ཚེ་རིང་གིས་བཤད།
     མཚོ་བོད་ལྕགས་ལམ་ནག་ཆུ་མེ་འཁོར་བབས་ཚུགས་ཀྱིས་ཡུལ་དེ་གའི་རྨང་གཞིའི་འཛུགས་སྐྲུན་གྱི་དངོས་ཟོག་དང་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་སོགས་ཀྱི་ནུས་པ་འདོན་གྱི་ཡོད། 2007ལོ་ནས་བཟུང་འདི་གར་ལས་ཀ་བྱས་ཤིང་། ལོ་བཅུ་ལྷག་ཙམ་གྱི་རིང་ཟླ་བ་ཚེ་རིང་དང་ལས་རོགས་ཚོས་སྤྱིར་བཏང་གི་ལས་གནས་བརྟན་པོར་བསྲུངས་ནས་སྤྱིར་བཏང་མིན་པའི་བྱས་རྗེས་བཞག
     མཚན་ལས་ཚར་མ་ཐག་པའི་ཟླ་བ་ཚེ་རིང་ངལ་གསོ་ཁང་དུ་ལོག་ཅིང་། སྲིང་ཞྭ་ཕུད་དུས་རྔུལ་ཆུས་མགོ་བོའི་སྐྲ་ཡང་རློན་རྐྱང་ཆགས་ཡོད་པ་རེད། “ཚང་མ་ངལ་གསོ་ཏོག་ཙམ་བརྒྱབ་སྟེ་ཐེངས་རྗེས་མའི་ལས་ཀ་དུས་ཐོག་ཏུ་ལེགས་སྒྲུབ་བྱེད་དགོས” ཟླ་བ་ཚེ་རིང་གིས་ཆུ་ཁོལ་དྲོད་འཇམ་ཕོར་པ་ཕྱེད་ཙམ་བཏུངས་རྗེས་དེ་ལྟར་བརྗོད། ཁོང་གིས་གསར་འགོད་པར“ལས་ཀ་མ་བྱས་གོང་ང་ཚོས་ཚོགས་ཆུང་གི་ཁོངས་མིའི་མཁོ་ཆས་དང་སེམས་ཁམས་སོགས་ལ་བརྟག་ཞིབ་ཚགས་ཚུད་པོ་བྱེད་པ་དང་། འཁོར་འགྲེམས་འཆར་གཞིའི་ལས་ཀ་མཇུག་འགྲིལ་རིམ་བཞིན་བསྐྱར་ཞིབ་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མི་ཐོན་པའི་འགན་ལེན་བྱེད་ཀྱི་ཡོད”ཅེས་བཤད།
     ཡུད་ཙམ་ཞིག་ལ་ཤར་ཕྱོགས་ནས་སྐྱ་བརྡ་བཏང་ཞིང་། ཞོགས་པའི་ཉི་འོད་ཚུགས་སྟེགས་སུ་འཕྲོས། ཟླ་བ་ཚེ་རིང་ལ་ད་ལོ་ལས་ཀར་ཞུགས་མ་ཐག་པའི་ཧྲའན་ཤིས་ཀྱི་ཕོ་གསར་པའེ་ཧའོ་ཅེ་འཕྲད་སྐབས། ཁོ་པ་ཐག་རིང་ཕ་ཡུལ་དུ་ཡོད་པའི་ཨ་མ་དང་བརྙན་ལམ་ནས་སྐད་ཆ་ཤོད་བཞིན་མཆིས། པའེ་ཧའོ་ཅེ་ཨ་མ་དང་སྐད་ཆ་བཤད་ཚར་རྗེས་ཟླ་བ་ཚེ་རིང་གིས་ཁོ་པའི་དཔུང་པར་ཞུ་ཙམ་བྱས་ནས“ང་ལས་ཀར་སླེབས་ཙམ་གྱི་སྐབས་སུ་རྟག་ཏུ་ཁྱིམ་དྲན་གྱི་འདུག ཁྱིམ་ཚང་ཟིན་པའི་ལོ་དེར་ཡང་བཟའ་ཟླ་རྟག་ཏུ་དྲན་གྱི་འདུག འོན་ཀྱང་འདི་ག་ནི་ང་ཚོས་སྲུང་དགོས་པའི་ས་ཆ་ཡིན་པས་གང་ལྟར་ཁྱིམ་ཆེན་མེད་ན་ཁྱིམ་ཆུང་ཡོང་མི་སྲིད”ཅེས་བཤད།
     ཟླ་བ་ཚེ་རིང་གིས་ལོ་བཅུ་ལྷག་ཙམ་རིང་ཉིན་གཅིག་ལྟར་མེ་འཁོར་ཐོག་ལྟ་ཞིབ་བཀོད་འདོམས་ཀྱི་ལས་ཀ་བྱས་ཤིང་། མེ་འཁོར་བབས་ཚུགས་སུ་ན་གཞོན་སྦྲེལ་མཐུད་པ་ཚོས་སྐུད་ལམ་ལ་ཞིབ་བཤེར་དང་ཟོག་འདྲེན་མེ་འཁོར་འདྲུད་འཐེན་ལས་ལ་གཞོལ་ནས་ཁོ་ཚོའི་གཟུགས་པོ་རྔུལ་ཆུས་འཚོས་ཀྱི་ཡོད།
     ལོ་བཅུ་ལྷག་ཙམ་རིང་ཟླ་བ་ཚེ་རིང་གིས་ཁྱོན་དགེ་ཕྲུག་12ཁྲིད་པ་དང་ཁོ་ཚོ་འགའ་ཤས་དོ་དམ་ལས་གནས་ཐོག་བསྐྱོད་པ་དང་འགའ་ཤས་ལག་རྩལ་རྐང་འཛིན་པར་གྱུར་ཡོད།
     “རྒན་ལགས་ཀྱིས་ང་ཚོར་ནན་པོ་བྱེད་ཀྱི་ཡོད་ལ་ལག་རྩལ་ཡང་བུམ་པ་གང་བྱོའི་ཚུལ་གྱིས་སློབ་ཀྱི་རེད། ཉིན་ལྟར་ཁོམ་པ་ཡོད་དུས་འཁོར་འགྲེམས་ལས་སྒྲུབ་ནང་སྦྱོང་བྱེད་དུ་བཅུག་ནས་ལྷུ་ཚིགས་ཚང་མ་ཞིབ་ཚགས་དང་ཚད་ལྡན་དགོས་པ་དང་མཉམ་སྡོམ་སྤྱོད་ཡིག་ངེས་པར་དུ་ཚད་དང་ལྡན་དགོས་པའི་བླང་བྱ་ནན་པོ་འདོན་གྱི་ཡོད། གསོན་ཉམས་དོད་པའི་ནང་སྦྱོང་དེ་འཁོར་འགྲེམས་ལས་ཀའི་དོན་དངོས་དང་ཧ་ཅང་འཚམ་པོ་འདུག”ཅེས་དགེ་ཕྲུག་མཱ་ཁྲའོ་ཡིས་བཤད།
     རྟག་ཏུ་ལས་གྲོགས་ཀྱིས་ཁོང་ལ“ཁྱེད་ནི་འཁོར་འགྲེམས་དཔོན་ཡིན་པས་ལས་ཀ་ཉུང་ཙམ་བྱས་ན་འགྲིག་གི་རེད”ཅེས་ཤོད་སྐབས། ཟླ་བ་ཚེ་རིང་གིས་འཛུམ་དམུལ་དམུལ་ངང“ང་ནི་ཏང་ཡོན་ཞིག་ཡིན་པས་འགན་འཁྲི་མང་ཙམ་ཁུར་དགོས། གནམ་གཤིས་གྲང་ངར་ཆེ་བས་ན་གཞོན་ཚོར་དེ་བས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཚང་མས་མཉམ་དུ་འབད་འཐབ་བྱེད་དགོས”ཞེས་ཤོད་ཀྱི་ཡོད།