འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁ་བ་དཀར་པོའི་མཐིལ་ནས་འོད་སྣང་ཁྲ་ཆིམ་ཆིམ་དུ་འཕྲོ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་15ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་མིང་གཡུས།
     ཞོགས་པ་ཁ་བ་དཀར་པོར་ཉི་འོད་རབ་ཏུ་འཕྲོ་བ་དང་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་གླེགས་བམ་གྲོང་ཚོ་ཡང་ཉི་ཟེར་གྱི་འོད་མདངས་ཁྲོད་གཉིད་ལས་སད་དེ་ཁྱིམ་ཚང་ཚང་མའི་ཐོག་ཁ་ནས་མཁའ་དབྱིངས་སུ་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བཞིན་ཡོད། ཐག་རིང་གི་རི་སྟེང་དུ་མགོ་ལ་བདེ་འཇགས་སྲུང་ཞྭ་དང་ལུས་ལ་ལས་གོས་སྔོན་པོ་གྱོན་པའི་གློག་ཤུགས་བཟོ་པ་དབང་བསྟན་གྱིས་ལས་རོགས་ཚོ་དང་མཉམ་དུ་རྐང་ཐང་མར་གངས་ཀྱི་ཁྲོད་བསྐྱོད་དེ་གློག་སྐུད་གླེགས་བམ་གྲོང་ཚོར་ཁྲིད་བཞིན་ཡོད།
     དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་གླེགས་བམ་གྲོང་ཚོར་ཡུལ་སྐོར་བྱེད་མང་ཤོས་ཀྱི་དུས་ཚིགས་འཆར་ཉེར་ཡོད་པ་དང་ཆབས་ཅིག གློག་སྤྱོད་ཚད་ཀྱང་ཤུགས་ཆེ་རུ་འགྲོ་རྒྱུ་རེད། གླེགས་བམ་ཡུག་ཁུལ་གྱི་གློག་མཁོ་འདོན་གྱི་འགན་འཁུར་བ་ཞིག་ཡིན་པའི་དབང་བསྟན་གྱིས་གློག་སྤྱོད་ཚད་ཆེ་རུ་འགྲོ་བའི་དུས་མ་ཤར་གོང་ལ་ཀླུང་བརྒལ་ཏེ་གློག་སྐྱེལ་གློག་སྒྱུར་སྒྲིག་ཆས་རྒྱུན་གཏན་ཡིན་མིན་ལ་ཞིབ་བཤེར་བྱས་ནས་དཔྱིད་གསར་དུས་ཆེན་རིང་གློག་མཁོ་འདོན་འདང་ངེས་ཡོང་རྒྱུ་འགན་ལེན་བྱེད་དགོས་ཀྱི་ཡོད།
     གླེགས་བམ་གྲོང་ཚོ་ནི་འཛམ་གླིང་རང་བྱུང་ཤུལ་བཞག“གཙང་གསུམ་མཉམ་རྒྱུག”གི་དབུས་སུ་གནས་པ་དང་དེར་བོད་རིགས་དུད་ཚང་42ཡོད། གངས་རི་དང་གཙང་པོ་གཉིས་ཀྱིས་གླེགས་བམ་གྲོང་ཚོ་གཞན་དང་འབྲེལ་ཐག་ཆད།
     དེ་སྔ་དེ་གར་ལམ་ཤར་གཏོང་མི་ཐུབ་པ་དང་། གློག་མེད་པ། འཕྲིན་གཏོང་བརྡ་རྟགས་མེད་པ་བཅས་ཀྱི་དབང་གིས་སྤྱི་ལེ་18ཙམ་གྱི་མི་རྟའི་ལམ་དེ་ཕྱི་ཕྱོགས་དང་འབྲེལ་གཏུག་བྱེད་ས་ཁོ་ནར་གྱུར་ཡོད། ལྷོ་ཕྱོགས་གློག་དྲས་2012ལོར་མ་དངུལ་སྒོར་ཁྲི་800ལྷག་ཙམ་བཏང་སྟེ་རྫ་ཆུའི་འགྲམ་དུ་གློག་ཤིང་བཙུགས་ནས་གྲོང་ཚོར་གློག་སྐུད་ཁྲིད་པས་གླེགས་བམ་གྲོང་ཚོར་སྣུམ་སྒྲོན་སྤོར་བའི་ལོ་རྒྱུས་མཇུག་འགྲིལ།
     སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། སྐོར་གཡེང་རུ་མི་སྐོར་ཞིབ་ས་ཚིགས་དང་པོར་སླེབས། དབང་བསྟན་གྱིས་ཉེན་ཟོན་ཐག་པ་ལུས་ལ་བསྡམས་ནས་རྐང་སྒྲོག་བཏགས་པ་དང་གློག་རྒྱུན་གཅོད་པའི་ལག་ཤུབས་གྱོན་ཏེ་མཐོ་ཚད་སྨི་10ལྷག་ཙམ་ཡོད་པའི་གློག་ཤིང་ཐོག་འཛེགས་ནས་གློག་འདྲེན་སྐུད་ལམ་ལ་ཞིབ་བཤེར་དང་སྐུད་ལམ་གྱི་མཐུད་གནས་ལ་དྲོད་ཚད་འཇལ་བ་རེད། ལས་གྲོགས་དབང་གྲགས་ཀྱིས་ཀྱང་གློག་གནོན་སྒྱུར་ཆས་དང་གློག་གི་ཆུ་ཚོད་འཁོར་རྒྱུག་གི་གནས་ཚུལ་ལ་ཞིབ་བཤེར་བྱེད་པར་བྲེལ།
     “གླེགས་བམ་གྲོང་ཚོར་གློག་ཤིང་168ཡོད་པ་དང་དེ་དག་མང་ཆེ་བར་ང་ཚོ་འཛེག་མྱོང་ཡོད། མཐོ་ཚད་སྨི་3000ལྷག་ཙམ་ཡོད་པའི་ས་ཆར་ལ་ཀླུང་བརྒལ་ནས་སླར་ཡང་མཁའ་དབྱིངས་སུ་ལས་ཀ་བྱ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མ་ཡིན། ང་ཚོས་དེ་གར་ལས་ཀ་བྱེད་རིམ་བཞིན་གཟབ་གཟབ་ནན་ནན་བྱེད་ཀྱི་ཡོད”ཅེས་གློག་ཤིང་རྩེ་ནས་བབ་མ་ཐག་པའི་དབང་བསྟན་གྱིས་གསར་འགོད་པར་དེ་ལྟར་བཤད།
     ས་བབ་ཇེ་མཐོར་སོང་བ་དང་བསྟུན་ནས་རི་ལམ་ཡང་དེ་ཙམ་གྱིས་གཟར་དུ་འགྲོ་བ་དང་། གློག་ཤིང་ཐོག་འཁྱགས་པ་ཐེབས་ཚད་ཀྱང་དེ་ཙམ་གྱིས་ཤུགས་ཆེ་བ་ཡོད།
     ཕྱི་དྲོ་ས་བབ་མཐོ་ཚད་སྨི་3700ལྷག་ཙམ་ཡོད་པའི་ལ་ཁར་འབྱོར་བ་དང་དབང་བསྟན་གྱིས་བྱང་ཆུབ་པའི་སྒོ་ནས་མི་མེད་གནམ་གྲུ་བཀོལ་སྤྱོད་བྱས་ཏེ་མཁའ་དབྱིངས་ཀྱི་འགོག་རྐྱེན་ལས་གཡོལ་ནས་བར་སྣང་དུ་གློག་སྐུད་ལ་སྐོར་ཞིབ་བྱེད་པ་དང་འབྲེལ་པར་ཡང་བརྒྱབ། ཁོང་གིས“འཕྲུལ་ཆས་དེ་ཡོད་པས་ང་ཚོས་གློག་སྐུད་ལ་སྐོར་ཞིབ་བྱེད་པར་སྟབས་བདེ་རུ་ཕྱིན་པ་མ་ཟད། ད་དུང་ཉེན་ཁ་མང་པོ་ཆུང་དུ་ཕྱིན་པ་དང་ལས་ཕྱོད་ཀྱང་ཆེ་རུ་ཕྱིན་སོང”ཞེས་བཤད།
     ཉི་མ་བཞུད་སྐབས། རུ་མི་རྣམས་གཞི་ནས་གླེགས་བམ་གྲོང་ཚོར་འབྱོར། ཡིན་ནའང་ངལ་གསོ་རྒྱག་ཁོམ་མེད་པར་ལས་ཀའི་ཡོ་བྱད་བླུགས་པའི་ཁུག་མ་ཁུར་ནས་ཁྱིམ་དུད་རེ་རེ་བཞིན་གྱི་གློག་གི་ཆུ་ཚོད་དང་གློག་སྤྱོད་སྒྲིག་ཆས་ལ་ཞིབ་བཤེར་བྱས། གྲོང་ཚོའི་ནང་གི་བགྲེས་སོང་བློ་བསྟན་གྱིས་སེམས་རྩ་འཁོལ་པོས་དབང་བསྟན་ནང་ལ་ཁྲིད་དེ་ཇ་སྲུབ་མ་ཚ་པོ་གང་བླུགས།
     བློ་བསྟན་གྱི་ཁྱིམ་དུ་གློག་རྡིག་དང་། གློག་ཐབ། དྲོད་རླུང་འཕྲུལ་ཆས་སོགས་ཆ་ཚང་ཡོད་པ་རེད། ཁོང་གིས་དབང་བསྟན་ལ“ད་ལྟ་གློག་མེད་པ་ཉུང་ཉུང་ཡིན་པས་དེ་དག་ནི་ཁྱོད་ཚོ་ལས་བྱུང་བ་ཞིག་རེད”ཅེས་བཤད།
     གློག་ཤུགས་དང་། འཕྲིན་གཏོང་། འགྲིམ་འགྲུལ་སོགས་ཀྱི་སྒྲིག་ཆས་ལེགས་སུ་ཕྱིན་པ་དེས་གླེགས་བམ་གྲོང་ཚོའི་ཡུལ་སྐོར་ལས་རིགས་ལ་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི་གཤོག་ཟུང་བསྒར་ཞིང་། དུད་ཚང་42ལས་མེད་པའི་གྲོང་ཚོ་དེར་ཁྱིམ་ཚང་མགྲོན་ཁང་130ལྷག་ཙམ་གཉེར་ཡོད། གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་དབང་འདུས་ཀྱིས“དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་བྱེད་མཁན་ཧ་ཅང་མང་པོ་ཡོད། ད་ཆ་ཁང་པ་ཚང་མ་མངགས་ཟིན་གྲབས་ཡོད”ཅེས་བཤད།
     གངས་རིའི་རྒྱུད་ཀྱི་གློག་ཤིང་ལ་སྐོར་ཞིབ་བྱེད་པ་ནི་གློག་ཤུགས་བཟོ་པས་གློག་ཤུགས་མཁོ་འདོན་འགན་ལེན་བྱེད་པའི་བསྡུས་རིས་ཤིག་རེད། ལྷོ་ཕྱོགས་གློག་དྲ་ཡུན་ནན་གློག་དྲ་ཀུང་སིའི་ཏུང་ཧྲི་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀན་ལིན་གྱིས། འདི་ལོ་ནས་བཟུང་ཀུང་སིས་ཞིང་ཆེན་དེ་ཡོངས་སུ་གློག་འགན་ལེན་དང་མཁོ་འདོན་སྐོར་ཞིབ་སྤྱི་ལེ་ཁྲི་15ལྷག་ཙམ་བྱས་ཡོད། དེ་དང་ཆབས་ཅིག་འཕྲལ་སྡོམ་མྱུར་བཟོ་དཔུང་ཁག་203གྱི་མི་ཁྲི་1.2ལྷག་ཙམ་གྱིས་དཔྱིད་གསར་དུས་ཆེན་རིང་གི་གློག་ཤུགས་མཁོ་འདོན་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་མང་ཚོགས་ཚོ་དུས་ཆེན་འཁྲུག་པོ་ཞིག་གཏོང་བ་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།
     མཚན་མོའི་ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་ལ་དབང་བསྟན་དང་ལས་རོགས་ཚོ་གཞི་ནས་ཉིན་གཅིག་གི་ལས་ཀ་མཇུག་འགྲིལ་ཞིང་། ཁོང་གིས་ལྗོངས་གཟིགས་སྒང་ལ་ལངས་ནས་ཟླ་འོད་འོག་གི་ཁ་བ་དཀར་པོར་རྒྱང་ལྟ་བྱས་ཏེ་ཡུད་ཙམ་གྱི་ཁུ་སིམ་ཉམས་སུ་མྱོང་།
     གྲོང་ཚོའི་ནང་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། དེ་ཡང་གུང་སྔོན་སྐར་ཚོགས་ཀྱི་འོད་མདངས་དང་ཕན་ཚུན་གཅིག་ལ་གཅིག་རྒྱན་གྱིས་འཕྲོ་བཞིན་ཡོད།