འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་བྱང་ཐང་དུ་དམིགས་བསལ་སློབ་གསོས་སློབ་མའི་ཕུགས་འདུན་འགྲུབ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་13ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཀྲོའུ་ཕུང་།
     ལོ་གསར་པ་ཤར་ཚུན། བོད་བྱང་ཐང་དེ་ཉིད་དུས་ཡུན་རིང་བའི་དགུན་དུས་སུ་སླེབས་ཡོད། དགུན་ཁའི་གུང་གསེང་རིང་ས་བབ་མཐོ་ཚད་སྨི་4500ཡོད་པའི་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭས་སློབ་མ་ཚོར་དྲ་ཐོག་སློབ་ཁྲིད་ཀྱི་འཆར་གཞི་བཟོས་ནས་ཁོང་ཚོར་སློབ་སྦྱོང་གི་མཛུབ་ཁྲིད་བྱས་པས་ཕྲུ་གུ་ཚོས་ཁྱིམ་དུ་ལོ་གསར་པ་ཞིག་བསུས་ཡོད་པ་རེད།
     ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་དེ་2013ལོར་བཙུགས་པ་དང་། དེ་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་པོ་དེ་རེད།
     སློབ་ཁྲིད་བྱས་ནས་ལོ་4སོང་བ་དང་འདི་ལོ་ལོ་27ལ་སླེབས་པའི་རྒན་གུ་རུ་ལགས་ནི་སློབ་གྲྭའི་རི་མོའི་དགེ་རྒན་ཡིན་པ་དང་། ཕྲུ་གུ་ཚོར་རྫས་འགྱུར་པིང་ཤིས་ཚོན་རྫས་ཀྱིས་རི་མོ་འབྲི་སྟངས་སློབ་ཀྱི་ཡོད། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དུ་སྐྱེས་པའི་གུ་རུའི་རྐང་པ་གཡོན་མ་ལྷན་སྐྱེས་ནས་དབང་པོ་སྐྱོན་ཅན་ཡིན་པ་དང་འགྲོ་སྐྱོད་སྟབས་བདེ་པོ་མེད་པས། ཁོང་གིས་དམིགས་བསལ་སློབ་གྲྭའི་ཕྲུ་གུ་དེ་དག་གི་དཀའ་ངལ་ཚོར་ཐུབ་ཀྱི་ཡོད། 2019ལོར་གུ་རུས་མེ་འཁོར་བསྡད་དེ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་གྱི་བོད་བྱང་ཐང་དུ་སློབ་ཁྲིད་བྱེད་པར་བསྐྱོད།
     “དམིགས་བསལ་སློབ་གསོའི་ལས་ལ་གཞོལ་རྒྱུ་ནི་ངའི་ཕུགས་བསམ་ཡིན་ལ། ས་བབ་མཐོ་བའི་ས་ཁུལ་གྱི་ཕྲུ་གུ་ཚོར་ཡང་རང་ཉིད་དེ་བས་མཁོ་ཡི་ཡོད”ཅེས་གུ་རུས་བཤད། ཁོང་གིས་སློབ་མ་ཚོ་རི་མོའི་སློབ་ཚན་ལ་ཧ་ཅང་དགའ་པོ་ཡོད་ལ་སྤྲོ་སེམས་ཀྱང་ཆེན་པོ་ཡོད། ཁོང་ཚོས་རི་མོ་འབྲི་ཁང་དུ་རྒྱུན་རིང་པོ་སྡོད་ཐུབ་པ་དང་བྲིས་པའི་བརྩམས་ཆོས་ཀྱང་ཧ་ཅང་ཡག་པོ་ཡོད། རི་མོས་ཁོང་ཚོའི་ནང་སེམས་ཀྱི་འཇིག་རྟེན་མངོན་ཐུབ་ཀྱི་ཡོད། ཕྲུ་གུ་མང་པོ་ཞིག་གིས་ང་ལ་བག་ཆགས་ཟབ་མོ་བཞག་པ་སྟེ་དཔེར་ན། སློབ་མ་སྙན་གྲགས་རྡོ་རྗེ་ལྟ་བུར་ཆ་བཞག་ན། “ཕྲུ་གུ་དེ་རིག་པར་སྐྱོན་ཡོད་རུང་། བསམ་པའི་བཀོད་ཤུགས་ཕུན་སུམ་ཚོགས་པ་མ་ཟད། ལག་པ་འགུལ་ནུས་ཆེ་བས་ཁོ་པས་བྲིས་པའི་རི་མོ་དེས་རྟག་ཏུ་ང་ལ་སྤྲོ་སྣང་སྦྱིན་གྱི་འདུག”ཅེས་བཤད།
     བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། 2022ལོར་བོད་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་7ལ་དབང་པོ་སྐྱོན་ཅན་སློབ་མ་1057ཡོད་པ་དང་། སློབ་གྲྭ་དཀྱུས་མར་གྲལ་སྡོད་མཉམ་སྦྱོང་བྱེད་མཁན་དབང་པོ་སྐྱོན་ཅན་སློབ་མ་4597ཡོད་པ། དབང་པོ་སྐྱོན་ཅན་སློབ་མ་2600ཡིས་སློབ་ཁྲིད་སྒོ་རྩར་བསྐྱལ་བའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ། འོས་འགན་སློབ་གསོའི་དུས་མཚམས་ཀྱི་དབང་པོ་སྐྱོན་ཅན་སློབ་མ་སློབ་གྲྭར་ཞུགས་ཚད་97%ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
     ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྤྱི་ཚེ་རིང་ལྷ་མོས། སློབ་གྲྭ་གཉེར་ནས་ལོ་10སོང་རིང་ཁྱིམ་བདག་གིས་སློབ་གྲྭའི་སློབ་གསོ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་སྔོན་ཆད་དོགས་འཆར་སྐྱེས་པ་ནས་ད་ཆ་བཀའ་དྲིན་ཆེན་པོ་ཡིན་སྙམ་པ་དང་། སློབ་མ་མང་པོ་ཞིག་སློབ་གྲྭར་ཞུགས་སྐབས་ཁེར་རྐྱང་དུ་སྡོད་པའི་གཤིས་ཀ་ཁུ་སིམ་པོ་ཞིག་ནས་ག་ལེར་བློ་བག་ཡངས་སུ་ཕྱིན་ཏེ་གྲུང་ཤ་དོད་པོར་གྱུར་པ་དང་། དེ་སྔ་དགེ་རྒན་གྱིས་ལ་བརྒྱབ་ཀླུང་བརྒལ་ནས་ཕྲུ་གུ་དམིགས་བསལ་སློབ་གསོའི་སློབ་གྲྭར་གཏོང་རྒྱུར་སློབ་གསོ་རྒྱག་དགོས་པ་ནས་ད་ཆ་ཁྱིམ་བདག་གིས་རང་འགུལ་ངང་ཕྲུ་གུ་ཁྲིད་ནས་སློབ་གྲྭར་མིང་ཐོ་བཀོད་པར་ཡོང་བ་སོགས་སློབ་གྲྭར་སློབ་སྦྱོང་བྱེད་མཁན་དང་སློབ་མ་བསྡུས་པའི་མི་གྲངས་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཏེ། དམིགས་བསལ་སློབ་གསོའི་བྱ་གཞག་ལ་སློབ་མ་དང་ཁྱིམ་བདག་དེ་བས་མང་པོ་ཞིག་གིས་མཐོང་ཆེན་བྱེད་ཀྱི་ཡོད་ཅེས་བཤད།
     “ཕྲུ་གུ་མང་པོ་ཞིག་གིས་རྩལ་ནུས་ཁོང་དུ་ཆུད་ནས་ལས་ཀ་རག་པ་དང་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱུང་ཡོད”ཅེས་ཚེ་རིང་ལྷ་མོས་བཤད།
     2013ལོར་སློབ་ཞུགས་ཀྱི་སྐབས་དང་པོའི་སློབ་མ་འོན་ལྐུགས་སྲི་ཐར་དཔལ་འཛོམས་སློབ་གྲྭར་ཞུགས་སྐབས་ཧ་ཅང་ངོ་ཚ་སྨིན་པོ་ཡོད། འོན་ཀྱང་ཞབས་བྲོའི་དགེ་རྒན་གྱིས་བུ་མོ་དེ་ཞབས་བྲོ་འཁྲབ་མཁས་པོ་ཡོད་པ་ཤེས་རྗེས། སློབ་གྲོགས་གཞན་དག་དང་མཉམ་དུ་བོད་རང་སྐྱོང་ལྗོངས་ཀྱིས་སྒྲིག་འཛུགས་བྱས་པའི་དབང་པོ་སྐྱོན་ཅན་གྱི་སློབ་མའི་རིག་རྩལ་སྐོང་འཁྲབ་ནང་ཞུགས་སུ་བཅུག་པ་དང་ཕྱིས་སུ་པེ་ཅིང་དང་ཁྲུང་ཆིང་དུ་འཁྲབ་སྟོན་བྱེད་པར་བསྐྱོད་པ་རེད།
     ཕྱིར་ལོག་རྗེས། སྲི་ཐར་དཔལ་འཛོམས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་སྟེ། རང་འགུལ་ངང་ཙུའུ་ཀྲང་གི་འགན་འཁུར་བ་མ་ཟད། འཛིན་གྲྭའི་ནང་གི་རིག་རྩལ་བྱེད་སྒོར་ཡང་ཧུར་ཐག་ཞུགས་ཀྱི་ཡོད། ལོ་10སོང་རྗེས་ད་ཆ་ཁོང་ནག་ཆུ་གྲོང་ཁྱེར་གྱི་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་གཏོང་ལེན་བ་ཞིག་ཏུ་གྱུར་ཡོད། ཉེ་ཆར་སྲི་ཐར་དཔལ་འཛོམས་ཀྱིས་སློབ་སྤྱི་ཚེ་རིང་ལྷ་མོར་རང་ཉིད་ཀྱིས་གློག་ཀླད་ཐོག་ཡི་གེ་རྒྱག་སྟངས་དང་ཡིག་ཚགས་ཐག་གཅོད་བྱེད་སྟངས་སྦྱོང་བཞིན་ཡོད་ལ། འཚོ་བ་ཡག་པོ་སྐྱེལ་བ་དང་ལས་ཀ་དེ་བས་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་འཕྲིན་ཡིག་ཅིག་བསྐུར་ཡོད།
     བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ལྟེ་གནས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། མིག་སྔའི་བར་བོད་རང་སྐྱོང་ལྗོངས་སུ་ལོ་16ནས་ལོ་59བར་གྱི་ལས་ཞུགས་ལོ་ཚད་ཀྱི་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་19217ལས་ཞུགས་ཐུབ་ཡོད་པ་རེད།