འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས། རྩྭ་ཐང་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་ཀྱི་བྱེད་ནུས་མུ་མཐུད་ལེགས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་09ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཧྥུ་ཝུན།
     དགུན་ཁའི་དྲོ་འཇམ་ཉི་འོད་ཕྱོགས་བཞིར་འཕྲོས། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་གི་ཡངས་པའི་རྩྭ་ཐང་ནོར་ལུག་ཁྱུ་དང་ཁྱུ་བག་ཕེབས་ངང་རྩྭ་ཟ་བཞིན་མཆིས།
     རྨ་ཆུ་རྫོང་ཁོངས་སུ་བེད་སྤྱོད་ཆོག་པའི་རྩྭ་ས་མུའུ་ཁྲི་1288ཟིན་པ་དང་། རྨ་ཆུའི་ནང་རྒྱུག་པའི་གཙང་པོ་དང་ཆུ་ཕྲན་མང་པོ་ཡོད་པས། སྔར་ནས་བཟུང“རྨ་ཆུའི་ཆུ་གསོག་ཆུ་མཛོད”ཅེས་བརྗོད་སྲོལ་ཡོད།
     “ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ངེས་པར་དུ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་ལ་འཆར་འགོད་བྱེད་དགོས་པའི་ནན་བཤད་བྱས་ཡོད” ཅེས་རྨ་ཆུ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་དོན་གྲུབ་རྒྱལ་གྱིས་བརྗོད་ཅིང་། ཁོང་གིས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ང་ཚོས་རྩྭ་ཐང་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་བརྒྱབ་ནས་རྩྭ་ཐང་གི་སྐྱེ་ཁམས་བྱེད་ནུས་ལེགས་སུ་གཏོང་རྒྱུའི་ཆོད་སེམས་དང་གདེང་ཚོད་སྔར་བས་བརྟན་དུ་ཕྱིན་ཡོད”ཅེས་བརྗོད།
     བྱེ་འགྱུར་དང་ཞན་འགྱུར་གྱི་རྩྭ་ཐང་ལ་ཕྱོགས་བསྡུས་བཅོས་སྐྱོང་དང་ཕྱུགས་ཟོག་ཤོང་ཚད་ལ་ཚོད་འཛིན་ནན་པོ་བྱེད་པ་སོགས་སྤྱི་འདོམས་དང་ལག་བསྟར་བྱས་པ་བརྒྱུད། རྨ་ཆུ་རྫོང་གི་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་སྐྱེ་ཁམས་བྱེད་ནུས་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། 2021ལོར་རྫོང་ཡོངས་ཀྱི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་99.33%ཟིན་པ་དེ་2016ལོ་ལས་བརྒྱ་ཆའི་གྲངས་0.15ཡིས་མཐོ་བ་ཡོད། 2016ལོ་ནས་2021ལོའི་བར་རྨ་ཆུ་རྫོང་གི་རྨ་ཆུའི་ཆུ་མཁོ་འདོན་བྱེད་ཚད་ལོ་རེར་ཆ་སྙོམས་གྲངས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་174.22ཟིན་པ་དེ་ལོ་མང་གི་ཆ་སྙོམས་གྲངས་འབོར་ལས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་30ཙམ་མང་དུ་ཕྱིན་ཡོད་པ་རེད།
     ཚན་རིག་དང་མཐུན་པའི་ཐབས་ཇུས་ལག་བསྟར་བྱས་ཏེ། བྱེ་འགྱུར་དང་ཞན་འགྱུར་གྱི་རྩྭ་ས་ཉམས་གསོ་བྱས་པ།
     གནམ་གཤིས་དྲོ་རུ་སོང་བ་དང་། ཨ་བྲའི་གནོད་འཚེ་ཕོག་པ། ཕྱུགས་ཟོག་འཚོ་སྐྱོང་ཚད་ལས་བརྒལ་བ་སོགས་ཀྱིས་རྐྱེན་པས། རྨ་ཆུའི་རྩྭ་ས་ཁག་གཅིག་ལ་སྐབས་ཤིག་རིང་བྱེ་འགྱུར་དང་ཞན་འགྱུར་གྱི་སྣང་ཚུལ་ཐོན་ཡོད། ཉེ་བའི་ལོ་ཤས་རིང་། རྨ་ཆུ་རྫོང་གིས་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་དང་ཁུལ་དབྱེ་ཇུས་བསྟར་མཐའ་འཁྱོངས་བྱས་ཏེ་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་ཡོང་རྒྱུར་སྐུལ་འདེད་མགྱོགས་པོ་བཏང་ཡོད།
     རྒྱལ་ལམ་345རྒྱུད་ཀྱི་དབལ་བན་ཚང་གི་རི་བོའི་ལམ་དུམ་རི་ལྡེབས་ཀྱི་གཞོགས་གཉིས་སུ་དགུན་དུས་སྔར་བཞིན་སྔོ་ལྗང་རྩྭ་རྩི་ཤིང་གིས་ཁེངས་ཡོད། “ལྗང་ཁུ་ནི་ས་ཆ་གཞན་ནས་ནང་འདྲེན་བྱས་པའི་གྲོ་ནག་རྩྭ་ཡིན་ལ། དེས་ད་དུང་སྐྱེས་མེད་པའི་ཡུལ་དེ་གའི་རྩྭ་ལ་སྲུང་སྐྱོང་བྱེད་ཐུབ་པའི་ཁར། དེ་རླུང་གིས་འཁུར་རྒྱུ་འགོག་ཐུབ”ཅེས་རྨ་ཆུ་རྫོང་རྩྭ་ཐང་ལས་དོན་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་དབྱང་ཁྲུན་ལེས་བཤད་ཅིང་། ཁོང་གིས། ཉམས་གསོའི་བརྒྱུད་རིམ་ནང་ང་ཚོས་སྔ་རྗེས་སུ་ནང་སོག་དང་། མཚོ་སྔོན། སི་ཁྲོན་སོགས་ནས་རྩྭ་སོན་སྣ་ཁ་20ལྷག་ཙམ་ནང་འདྲེན་བྱས་ཏེ་ཡུལ་དེའི་ཕྱུགས་རྩྭ་དང་མཉམ་དུ་བཏབ་པ་ཡིན་ཞེས་བཤད།
     ད་ཆ་རྨ་ཆུ་རྫོང་གིས་རིམ་རྩིས་བྱས་ན་བྱེ་འགྱུར་གྱི་རྩྭ་ས་སྣ་ཚོགས་མུའུ་ཁྲི་34ཙམ་བཅོས་སྐྱོང་བྱས་པ་དང་། ཞན་འགྱུར་གྱི་རྩྭ་ས་མུའུ་ཁྲི་122ལྷག་ཙམ་བཅོས་སྐྱོང་བྱས་པར་བརྟེན། རྩྭ་ས་བྱེ་འགྱུར་དང་ཞན་འགྱུར་གྱི་གནས་སྟངས་བཀག་འགོག་ནུས་ལྡན་ཐུབ་པ་དང་། རྨ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
     རྩྭ་སར་གཞིགས་ནས་ཕྱུགས་ཟོག་འཚོ་ཚད་གཏན་འཁེལ་བྱས་ཏེ་རྩྭ་ཕྱུགས་དོ་སྙོམས་ཡོང་བར་སྐུལ་འདེད་བཏང་བ།
     “ས་གནས་ས་ཐོག་ཏུ་ནོར་ལུག་གི་གྲངས་འབོར་ཞིབ་བསྡུར་བྱེད་པ་ནི་ང་ཚོས་རྒྱུན་དུ་སྤྱོད་པའི་ལྟ་སྡོམ་བྱེད་ཐབས་ཡིན”ཞེས་རྨ་ཆུ་རྫོང་རྩྭ་ཐང་ལྟ་སྐུལ་དོ་དམ་ས་ཚིགས་ཀྱི་ཀྲེན་ཀྲང་གཞོན་པ་ཀྲོའུ་ཡུང་ཧྲེན་གྱིས་བརྗོད་ཅིང་། ཁོང་གིས། རྩྭ་ཐང་ལྟ་སྐུལ་དོ་དམ་ས་ཚིགས་ཀྱིས་ཟླ་རེར་རྒྱུན་རྣམ་ཅན་གྱི་ལྟ་སྡོམ་བྱེད་པ་དང་། རྫོང་གིས་ལོ་ལྟར་རྩྭ་ཐང་དང་། ཞིང་ལས། ནོར་སྲིད་སོགས་སྡེ་ཚན་གྱི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པ་ལས་གྲུབ་པའི་མཉམ་འབྲེལ་ལས་དོན་ཚོགས་ཆུང་བཙུགས་ནས་ལོ་འཁོར་གྱི་ཆེད་དོན་ཞིབ་བཤེར་བྱས་ཏེ་འབྲོག་པས་ཕྱུགས་འཚོ་བའི་གྲངས་འབོར་ལ་ས་གནས་ས་ཐོག་ཏུ་ཞིབ་བསྡུར་དང་ཕྱུགས་ཟོག་འཚོ་ཚད་བརྒལ་ཡོད་མེད་ལ་ལྟ་ཞིབ་བྱེད་ཀྱི་ཡོད་ཅེས་བརྗོད།
     ལོ་འདི་དག་གི་རིང་། རྨ་ཆུ་རྫོང་གིས་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ལ་ཕྱོགས་བསྡུས་གདེང་འཇོག་ཧུར་ཐག་བྱས་ནས་རྩྭ་སར་གཞིགས་ནས་ཕྱུགས་ཟོག་དང་འཚོ་ཚད་གཏན་འཁེལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། 2021ལོའི་ལོ་མཇུག་བར་རྫོང་ཡོངས་སུ་རིམ་རྩིས་བྱས་ན་ལུག་མགོ་གྲངས་ཁྲི་152.93ཉུང་དུ་བཏང་ནས་རྩྭ་ཕྱུགས་དོ་སྙོམས་ཡོང་བ་བྱས་པ་རེད།
     “སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པར། ང་ཚོས་སྲིད་ཇུས་ཀྱི་བྱེད་ཐབས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་འབྲོག་དུད་ཀྱིས་རྩྭ་སར་གཞིགས་ནས་ཕྱུགས་ཟོག་དང་འཚོ་ཚད་གཏན་འཁེལ་གྱི་ཧུར་བརྩོན་རང་བཞིན་ཆེ་རུ་བཏང་སྟེ་ཚད་ལས་བརྒལ་བའི་ཕྱུགས་རིགས‘ཉུང་དུ་འགྲོ་བ’དང་། འབྲོག་པའི་ཡོང་འབབ‘འཕར་ཐུབ་པ’རྩྭ་ཐང་གི་སྐྱེ་ཁམས’ཡག་ཏུ་འགྲོ་བ’བཅས་འགན་ལེན་བྱ་རྒྱུ་ཡིན” ཞེས་ཀྲོའུ་ཡུང་ཧྲེན་གྱིས་གསར་འགོད་པར་བརྗོད།
     ཐབས་མང་མཉམ་དུ་སྤྱད་དེ་རྩྭ་ཐང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།
     “མིག་སྔར། རྫོང་ཡོངས་སུ་རྩྭ་ཐང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་50དང་རྩྭ་ཐང་སྐྱེ་ཁམས་བྱ་དགའ་ཁ་གསབ་ཀྱི་ཕན་འབྲས་ལྟ་ཞིབ་ཚད་ལེན་ས་ཚིགས་27བཙུགས་ཡོད”ཅེས་དབྱང་ཁྲུན་ལེས་བཤད་པ་མ་ཟད། ཁོང་གིས། ལྟ་ཞིབ་ཚད་ལེན་གྱི་ནང་དོན་གྱི་ཐད་སྔོ་ཁེབས་ཀྱི་མཐོ་ཚད་དང་། ཁེབས་ཚད། རྩྭ་ཐོན་ཚད་སོགས་ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     རྩྭ་ཐང་ལ་སྔར་བས་སྲུང་སྐྱོང་བྱ་ཆེད་རྨ་ཆུ་རྫོང་གིས“རྫོང་དང་། ར་བ། ས་ཚིགས། ནགས་སྲུང་བ”བཅས་རིམ་བཞིའི་ནགས་ཚལ་དང་རྩྭ་ཐང་བདག་སྐྱོང་བ་སྒྲིག་སྲོལ་བཙུགས་ནས་སྐྱེ་ཁམས་ནགས་སྲུང་བ་1350དང་རྩྭ་ཐང་བདག་སྐྱོང་བ་80གདན་ཞུ་བྱས་པ་དེ་དག་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་ཡོད་ཅིང་། རང་བྱུང་རྩྭ་རའི་ཕྱུགས་རྩྭའི་མཐོ་ཚད་དང་མུའུ་རེའི་རྩྭ་གསར་ཐོན་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད།
     “ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང‘རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་དགོས’ཞེས་བསྟན་ཡོད”ཅེས་རྨ་ཆུ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་བཀྲ་ཤིས་ཀྱིས་བརྗོད་ཅིང་། ཁོང་གིས། རྨ་ཆུ་རྫོང་གིས་གཙོ་གནད་སྲུང་སྐྱོང་དང་གནད་འགག་བཅོས་སྐྱོང་གི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩར་གསོ་འཁྱོངས་ཁུལ་གྱི་རི་ཆུ་ནགས་དང་ས་ཞིང་མཚེའུ་རྩྭ་ས་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོའི་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མ་ཟད། རྨ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་སྤྱི་ཡོངས་ཀྱི་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།