འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྐད་འཕྲིན་གྲོགས་ཚོམས་ནང་ཤོག་སྦག་འཚོང་ན་ཁྲིམས་འགལ་ཡིན་ནམ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་06ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དཔྱིད་གསར་དུས་ཆེན་སླེབས་གྲབས་ཡོད་པས་དྲ་གྲོགས་ཚོའི་གྲོགས་ཚོམས་དུ་ལོ་སར་གྱི་མཁོ་ཆས་བཙོང་མཁན་ཡོད་ལ། ད་དུང་ཤོག་སྦག་བཙོང་མཁན་ཡང་ཡོད། གཙོ་གནད་ཐོག་བརྗོད་དགོས་པ་ཞིག་ནི། གྲོགས་ཚོམས་ནང་ཤོག་སྦག་འཚོང་ན་ཁྲིམས་འགལ་གྱི་དོགས་པ་ཡོད། 
     གྲོགས་ཚོམས་ནང་ཤོག་སྦག་ལོག་བཙོངས་བྱས་བའི་བཅའ་ཁྲིམས་ཀྱི་འགན་འཁྲི། 
     《ཤོག་སྦག་གི་བདེ་འཇགས་དོ་དམ་སྲོལ་ཡིག》གི་དོན་ཚན་སོ་དྲུག་པར་གཞིགས་ན། ཆོག་འཐུས་མ་ཐོབ་པར་ཤོག་སྦག་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་རིགས། ཡང་ན་ཤོག་སྦག་གི་བདེ་འཇགས་ཐོན་སྐྱེད་ཆོག་འཐུས་མ་ཐོབ་པའི་སྡེ་ཚན་ནམ་ཡང་ན་མི་སྒེར་ལ་མེ་རྫས་ནག་པོ་དང་། ཤོག་སྦག་གི་རིགས། མེ་རྫས་ཀྱི་རིགས་བཅས་འཚོང་མཁན་ལ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲིམས་འགལ་ངང་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྒོ་སྤེལ་མཚམས་འཇོག་རྒྱུའི་བཀའ་གཏོང་དགོས་པ་དང་། སྒོར་ཁྲི་2ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་གཅོད་དགོས་པ་མ་ཟད། ཁྲིམས་འགལ་ངང་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པའི་དངོས་རྫས་དང་དེ་བཞིན་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་དགོས།
     གལ་ཏེ་སྐད་འཕྲིན་གྱི་གྲོགས་ཚོམས་བརྒྱུད་ཤོག་སྦག་ལོག་འཚོང་བྱེད་ཚད་ཅུང་མང་ན། ཁྲིམས་འགལ་ངང་གཉེར་སྐྱོང་བྱེད་པའི་ཉེས་གསོག་གི་དོགས་པ་ཡོད། 《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དང་ཉེར་ལྔ་བའི་ནང་གཏན་འབེབས་བྱས་དོན། ཁྲོམ་རའི་སྒྲིག་ལམ་དཀྲུགས་པའི་ཉེས་ཚབས་ཆེ་བའི་རིགས་ལ་དུས་བཙོན་ལོ་ལྔ་མན་ནམ་ཡང་ན། བཀག་ཉར་གྱི་ཉེས་ཆད་གཅོད་རྒྱུ་དང་། ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་གཅིག་པུར་གཅོད་རྒྱུ། ཉེས་ཚབས་ཤིན་ཏུ་ཆེ་རིགས་ལ་དུས་བཙོན་ལོ་ལྔ་ཡན་གྱི་ཉེས་ཆད་གཅོད་རྒྱུ་མ་ཟད། ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཆད་པ་ཆབས་སྦྲགས་སུ་གཅོད་རྒྱུ།
     ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ནི། བརྒྱུད་སྐུར་བྱས་ན་ཡང་འགན་འཁྲི་འཁུར་དགོས། མི་མང་པོ་ཞིག་གིས་གྲོགས་པོ་ཚོར་བརྡ་ཁྱབ་དེ་རིགས་བརྒྱུད་སྐུར་བྱེད་ཀྱི་ཡོད། གལ་སྲིད་ཕྱིར་ཚོང་བྱས་པའི་ཤོག་སྦག་ལ་གནད་དོན་ཐོན་ཚེ། འཚོང་མཁན་དང་བརྒྱུད་སྐུར་བྱེད་མཁན་ཚང་མས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་ཀྱི་ཡོད།