འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡིག་འབྲུ་4བྲིས་པས་སྒོར་ཁྲི་12ཀྱི་ཆད་པ་བཅད།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་04ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཡིག་འབྲུ་4བྲིས་པས་སྒོར་ཁྲི་12ཀྱི་ཆད་པ་བཅད།
   མི་དམངས་དྲ་བའི་འཕྲིན། དུས་རབས་གསར་པས་ཁྲིམས་སྐྱོང་འཕེལ་རིམ་ལ་སྐུལ་འདེད་བཏང་ཞིང་། 2022ལོའི་ལོ་འཁོར་གྱི་“གྱོད་གཞི་ཆེ་གྲས་བཅུའི་”འོས་འདེམས་གྱོད་གཞིའི་ནང་སྣོད་བཅུད་ལ་གཏོར་བཤིག་གཏོང་བའི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཚུད་ཡོད། གྱོད་གཞི་དེའི་ནང་དོ་བདག་གིས་ཧྥན་ཅིང་ཧྲན་མཛེས་ལྗོངས་ཁུལ་གྱི་རིག་དངོས་ཐོག་ཡིག་གེ་བྲིས་པ་དེ་ས་གནས་དེ་གའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་ཞུ་གཏུག་བྱས་ཡོད། 
   2021ལོའི་ཟླ་7ཚེས་11ཉིན་པར་དུ་བླངས་པའི་བརྙན་ལམ་ནང་། སྐྱེས་པ་ཞིག་གིས་ཧྥན་ཅིང་རི་བོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་རིང་། རི་འཛེག་ལག་འཁར་སྤྱད་དེ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པའི་“ཧྥན་ཅིང་རི་བོའི་བྲག་རིའི་བྲག་རྩེ་རུ་”རི་མོ་བྲིས་པར་ཡུལ་སྐོར་བ་གཞན་གྱིས་དྲན་སྐུལ་དང་བཀག་སྡོམ་བསླབ་བྱ་བྱས་མོད། འོན་ཏེ་ཁོ་པས་ཨུ་ཚུགས་ཀྱིས་བྲག་ངོས་སུ་“ལི་ཧྲུའེ་ཁྲེང་གོ་”ཞེས་པའི་ཡི་གེ་བྲིས། 
   བརྙན་ལམ་དེར་དྲ་ཐོག་ནས་གྲོས་བསྡུར་འཁྲུག་པོ་བྱས་པ་དང་། ཉིན་གསུམ་སོང་རྗེས། ཀུའེ་ཀྲོའུ་ཝུའུ་ལིང་མཛེས་ལྗོངས་ཁུལ་གྱིས་མ་རབས་ཀྱི་བྱ་སྤྱོད་དེར་དམིགས་ནས་བརྡ་ཁྱབ་བཏང་སྟེ། སྐྱེས་པ་དེ་ཧྥན་ཅིང་ཧྲན་གྱི་སྣོད་བཅུད་ཡུལ་སྐོར་ཁུལ་དུ་བསྐྱོད་མི་ཆོག་པའི་མིང་ཐོ་ནག་པོའི་བཀོད་པ་ཁྱབ་བསྒྲགས་བྱས་པ་རེད། གྱོད་གཞི་དེའི་ཁུངས་སྣེ་ཅང་ཁོའུ་རྫོང་མི་དམངས་ཁྲིམས་ཁང་གིས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ནས། ཀུའེ་ཀྲོའུ་ཞིང་ཆེན་ཅང་ཁོའུ་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་བརྟག་དཔྱད་བྱ་རྒྱུར་བསྐྱལ་བ་རེད། གཏུག་བཤེར་སྤྱི་བསྒྲགས་ཀྱི་གོ་རིམ་ལག་བསྟར་བྱས་རྗེས། ཀུའེ་ཀྲོའུ་ཞིང་ཆེན་ཅང་ཁོའུ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་བརྟག་དཔྱད་བྱས་པ་མ་ཟད། ཁྲིམས་ཁང་ལ་སྤྱི་ཕན་གཏུག་བཤེར་བྱས། 2022ལོའི་ཟླ་3ཚེས་25ཉིན་ཅང་ཁོའུ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ནས་གྱོད་གཞི་དེར་འདྲི་ཞིབ་བྱས་པ་རེད།
    ཁྲིམས་སའི་འདྲི་གཅོད་བྱ་ཡུལ་རང་དུ། ཞུ་གཏུག་བྱེད་མཁན་གྱིས་དོན་དག་བྱུང་དུས་ཀྱི་བརྙན་ལམ་དང་། ས་གནས་དེ་རང་གི་འདྲ་པར། དོ་བདག་གི་ཞུ་ཚིག ཆེད་ལས་སྒྲིག་གཞིའི་གསལ་འབྱེད་བསམ་འཆར་སོགས་དཔང་རྟགས་མཁོ་འདོན་བྱས་ཡོད།
    ཁྲིམས་ཁང་གིས་འདྲི་ཞིབ་དང་པོའི་ངོས་འཛིན་བྱས་དོན།“ཧྥན་ཅིང་རི་བོའི་བྲག་རིའི་བྲག་རྩེ་”ནི་ཧྥན་ཅིང་ཧྲན་རི་བོའི་རང་བྱུང་ཤུལ་བཞག་གི་གྲུབ་ཆ་ཞིག་ཡིན་པ་དང་། ཞུ་སྦྱོར་ཕྱི་མ་བའི་བྱ་སྤྱོད་ཀྱིས་རིག་དངོས་ལ་ལྡོག་ཐབས་མེད་པའི་གནོད་འཚེ་བཟོས་པ་མ་ཟད། ཚད་ངེས་ཅན་ཞིག་གི་ཐོག་ནས་ཧྥན་ཅིང་ཧྲན་གྱི་རང་བྱུང་ཤུལ་བཞག་གི་སྤྱིའི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་བཟོས་ཡོད་པས། ཁྲིམས་ལྟར་དེ་མཚུངས་ཀྱི་དམངས་དོན་འགན་འཁྲི་འཁུར་དགོས།
    ཁྲིམས་ཁང་གིས་དཔྱད་མཚམས་བཏང་དོན། ཞུ་སྦྱོར་ཕྱི་མ་བ་ཁྲེན་གོ་ཕིན་གྱིས་དཔྱད་མཚམས་འདི་ནུས་པ་ཐོན་རྗེས་ཀྱི་ཉིན་30ནང་། ཅང་ཁོའུ་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་རིག་དངོས་ཉམས་གསོའི་གྲོན་དངུལ་སྒོར་60952.08དང་། ཉམས་གསོའི་འཆར་གཞིའི་ཇུས་འགོད་འགྲོ་གྲོན་སྒོར་38000སྤྲོད་དགོས་ཤིང་། དེ་ཅང་ཁོའུ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཉམས་གསོའི་ཚན་པ་དང་ཇུས་འགོད་ཚན་པར་བསྒྱུར་སྤྲོད་བྱེད་དགོས། གཉིས། ཞུ་སྦྱོར་ཕྱི་མ་ཁྲེན་གོ་ཕིན་གྱིས་དཔྱད་མཚམས་འདི་ཁྲིམས་གོ་ཆོད་རྗེས་ཀྱི་ཉིན་30ནང་ཚུན་དུ། འདི་ག་ཁྲིམས་ཁང་གིས་དམིགས་འཛུགས་བྱས་པའི་ཐོ་ཁོངས་སུ་ཁོར་ཡུག་ལ་གནོད་སྐྱོན་བཏང་བའི་ཆད་གཅོད་རང་བཞིན་གྱི་གུན་གསབ་གྲོན་དངུལ་སྒོར་25000སྤྲོད་རྒྱུ་དང་། འདི་ག་ཁྲིམས་ཁང་གིས་དེ་རྒྱལ་མཛོད་ལ་སྤྲོད་རྒྱུ། གསུམ། ཞུ་སྦྱོར་ཕྱི་མ་ཁྲེན་གོ་ཕིང་གིས་དཔྱད་མཚམས་འདི་ཁྲིམས་གོ་ཆོད་རྗེས་ཀྱི་ཉིན་30ནང་ཚུན་དུ། ཁོ་པས་ཧྥན་ཅིང་རི་བོའི་བྲག་རིའི་ཐོག་གི་བྲག་རྩེ་རུ་ཡི་གེ་བྲིས་ནས་རིག་དངོས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ཐད། རྒྱལ་ཁབ་རིམ་པའི་གསར་འགྱུར་སྨྱན་སྦྱོར་ཐོག་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་དགོངས་དག་ཞུ་དགོས། 
    2022ལོའི་ཟླ་5ཚེས་18ཉིན། ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་གཉིས་པས་ཐོག་མའི་དཔྱད་མཚམས་སོར་འཇོག་བྱས་པ་རེད།
༄༅།།ཡིག་འབྲུ་4བྲིས་པས་སྒོར་ཁྲི་12ཀྱི་ཆད་པ་བཅད།