འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུའུ་ཞི་ཞི་ཅིན་ཕིང་གི་2023ལོའི་ལོ་གསར་གྱི་ཤིས་ཚིག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་04ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།
     ལོ་གསར་གྱི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2023ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ་རེད། རྒྱལ་ཁབ་མང་པོའི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ནང་འདས་ཟིན་པའི་ལོ་གཅིག་རིང་ཀྲུང་གོར་ཐོབ་པའི་དོ་སྣང་བྱེད་འོས་པའི་གྲུབ་འབྲས་མངོན་པ་མ་ཟད། འཛམ་གླིང་ལ་རེ་བ་དང་གདེང་ཚོད་ཀྱང་བརྒྱུད་སྤྲོད་གནང་ཡོད་ཅེས་བརྗོད་པ་རེད།
     དོ་སྣང་བྱེད་འོས་པའི་གྲུབ་འབྲས་ལས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གདེང་ཚོད་འཕེལ་བ།
     ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་། 2022ལོར་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་ལ། རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པའི་དུས་རབས་ཀྱི་དུང་བརྡ་ཡང་གྲགས་ཡོད། རང་རྒྱལ་གྱིས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པའི་གནས་བབ་མུ་མཐུད་རྒྱུན་འཁྱོངས་བྱས་ཤིང་། དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་བྱུང་སྟེ་ལོ་ཧྲིལ་པོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་ལྟར་ན་སྒོར་དུང་ཕྱུར་ཁྲི་120ལས་བརྒལ་རྒྱུ་རེད་ཅེས་གསུངས་ཡོད།
     སིང་ཀ་ཕོར་གྱི་སྐབས་དོན་ཆབ་སྲིད་དཔྱད་གཏམ་མཁན་ཝུང་ཏེ་ཧྲེང་གིས“ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ནི་དྲོ་སྐྱིད་ལྡན་ཞིང་རེ་བས་ཁེངས་པ་དང་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་འདུག” ལོ་གསར་གྱི་ཤིས་ཚིག་ནང་ཀྲུང་གོར་ཐོབ་པའི་དོ་སྣང་བྱེད་འོས་པའི་གྲུབ་འབྲས་རྒྱས་བཤད་གནང་བ་དང་། རང་ངོས་ཀྱི་འབད་བརྩོན་བརྒྱུད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཆོད་སེམས་བརྟན་པོ་སླར་ཡང་མངོན་པར་བྱས་ཡོད་ལ། ཀྲུང་གོས་གོ་ལ་ཧྲིལ་པོ་ཅན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དྲང་ནུས་ཀྱང་བསྣན་ཡོད་ཅེས་བརྗོད།
     ཧྥ་རན་སེའི《མཐུན་སྒྲིལ་གསར་པ》ཞེས་པའི་ཚགས་པར་གྱི་རྩོམ་སྒྲིག་པ་གཙོ་བོ་ཁེ་ལི་སི་ཏི་ནཱ·པི་ཨའེ་ཡིས། ཀྲུང་གོའི་འཕེལ་རྒྱས་ཐད་གསར་གཏོད་ལ་སྣང་ཆེན་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱས་ནས་ཀྲུང་གོ་སྲིད་གཞུང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རང་ཉིད་ཀྱི་ཕུགས་འདུན་ཟམ་མི་ཆད་པར་མངོན་འགྱུར་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱས་ཤིང་། ཁོང་གིས། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་རྒྱལ་ཁབ་དེ་བས་མང་བས་བསམ་གཞིག་དང་ཞིབ་འཇུག་བྱེད་རིན་ཡོད་ཅེས་བརྗོད།
     བརྟན་ཐོག་ཡར་འཕེལ་ལས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་གོ་སྐབས་དང་སྒུལ་ནུས་སྤྲད་པ།
     ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། གདིང་ཤུགས་ཆེ་བ། གསོན་ཤུགས་འདང་ངེས་བཅས་ཡོད་པས་ཡུན་རིང་ལེགས་པོ་ཡོང་བའི་གཞི་རྩའི་རྣམ་པར་སྔར་བཞིན་འགྱུར་བ་ཕྱིན་མེད། མུ་མཐུད་སེམས་ཤུགས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་ཡོང་བ་བྱས་ཚེ། ང་ཚོའི་སྔོན་གཏན་འཁེལ་བའི་དམིགས་ཚད་མངོན་འགྱུར་ཐུབ་ངེས་རེད། དེང་གི་ཀྲུང་གོ་ནི་ཕུགས་འདུན་གཅིག་རྗེས་གཉིས་མཐུད་ངང་མངོན་འགྱུར་བྱུང་བའི་ཀྲུང་གོ་དང་། སྐྱེ་སྟོབས་རྒྱས་ཤིང་གསོན་ཤུགས་ཀྱིས་ཕྱུག་པའི་ཀྲུང་གོ མི་རིགས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱུང་བའི་ཀྲུང་གོ འཛམ་གླིང་དང་འབྲེལ་བ་དམ་ཞིང་ཟབ་པའི་ཀྲུང་གོ་བཅས་རེད་ཅེས་ནན་བཤད་གནང་ཡོད།
     འདས་ཟིན་པའི་ལོ་གཅིག་རིང་། འཕོ་འགྱུར་དང་ཟང་ཟིང་བསྟུད་མར་བྱུང་བ་དང་། མཐུན་སྒྲིལ་དང་ཁ་ཕྲལ་ཕན་ཚུན་ཡམ་ཡོམ་དུ་གནས་པ། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་སོང་ནས་སླར་གསོ་བྱེད་དགོས་ཀྱི་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་རྒྱུར་མུ་མཐུད་གཞོལ་ཏེ་ཀྲུང་གོའི་འཕེལ་རྒྱས་གསར་པས་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་གཏོད་པར་འཛམ་གླིང་གིས་རེ་སྒུག་བྱེད་ཀྱི་ཡོད།
     ཐེ་ལན་གྱི་ཀྲེང་ཏཱ་དོ་དམ་སློབ་གླིང་གི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཐང་ཀྲི་མིན་ལ་དེང་གི་ཀྲུང་གོར“སྐྱེ་སྟོབས་རྒྱས་ཤིང་གསོན་ཤུགས་ཀྱིས་ཕྱུག་པ”དང“འཛམ་གླིང་དང་འབྲེལ་བ་དམ་ཞིང་ཟབ་པའི”ཐད་བག་ཆགས་ཟབ་མོ་བྱུང་ཡོད། ཁོང་གིས། འདས་ཟིན་པའི་ལོ་གཅིག་ནང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཡིན་ནའང་འདྲ། ཡང་ན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཡིན་ནའང་འདྲ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་འདོད་ཚུལ་གལ་ཆེན་དེ་དག་ལས་འཛམ་གླིང་གིས་ཀྲུང་གོ་ནི་སྔ་ཕྱི་བར་གསུམ་དུ་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་དར་སྤེལ་གཏོང་མཁན་དང་སྐུལ་འདེད་གཏོང་མཁན་ཞིག་ཡིན་པ་མཐོང་ཐུབ། “ལོ་བརྒྱའི་འགྱུར་ལྡོག་མྱུར་པོ་འགྲོ་བའི་དེང་གི་དུས་འདིར། ཀྲུང་གོས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་མུ་མཐུད་གོ་སྐབས་གཏོད་རྒྱུའི་ཡིད་ཆེས་ཡོད”ཅེས་བརྗོད།
     ལས་དབང་གཅིག་མཐུན་ལས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་བློ་གྲོས་དང་ཇུས་གཞི་སྐྱེས་སུ་ཕུལ་བ།
     ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་འཕེལ་རྒྱས་ལ་གཅེས་སྤྲས་དང་། ཐོག་མཐའ་བར་གསུམ་དུ་གྲོགས་པོ་དང་རོགས་ཟླར་གཅེས་འཛིན། བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་ལངས་ཏེ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་སྐྱེས་སུ་འབུལ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་ནན་བཤད་གནང་ཡོད།
     པར་ཙིར་གྱི་ཝ་ཅཱ་སི་ཐེབས་རྩ་ལྷན་ཚོགས་ཀྱི་པར་ཀྲུང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨའེ་དབན་ཏེ་ལུའོ·ཁཱ་ཝ་ལུའེ་ཡིས་ལོ་ལྟར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ལོ་གསར་གྱི་ཤིས་ཚིག་ལ་དོ་ཁུར་བྱེད་ཀྱི་ཡོད། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ལས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སླར་ཡང་གདེང་ཚོད་འཕེལ་བར་བྱས་ཡོད། ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ནི་རྒྱལ་སྤྱིའི་འབྲེལ་བ་གསར་པ་གཏོད་པའི་ལམ་སྟོན་སྒྲོན་མེ་ལྟ་བུ་རེད། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་རྒྱུ་བཏོན་པ་དེས་དེ་བས་ཞི་བདེ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་གཏོད་པར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བརྗོད།
     ཧྥ་རན་སེའི་ཕ་རི་སི་ཧྥ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཡ་ཆི་ཏེ·པུན་ཧ་སྨི་ཡིས། འདས་ཟིན་པའི་ལོ་གཅིག་ནང་ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་ལ། དེང་གི་ཆར་ཀྲུང་གོ་དང་རྒྱལ་ཁབ་གཞན་དག་གི་ལས་དབང་དམ་པོར་འབྲེལ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་ཀྲུང་གོས་རྒྱལ་སྤྱིའི་གར་སྟེགས་ཐོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་མཚོན་པར་གནང་ཡོད་ལ། འཛམ་གླིང་གིས་ཀྱང་ཀྲུང་གོས་ཞི་བདེ་དང་། འཕེལ་རྒྱས། གསར་གཏོད་སོགས་གྲོས་གཞི་གལ་ཆེན་ཐད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།