འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་ཨུའི་བར་དུ་རང་བྱུང་སོལ་རླངས་གཏོང་འགོ་ཚུགས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་03ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་ཨུའི་བར་དུ་རང་བྱུང་སོལ་རླངས་གཏོང་འགོ་ཚུགས།
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་2ཉིན། གསར་འགོད་པས་རྒྱལ་ཁབ་མདོང་ལམ་དྲ་བའི་ཚོགས་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོ་དང་ཨུ་རུ་སུའི་ཤར་ཐིག་གི་རང་བྱུང་སོལ་རླངས་མདོང་ལམ་ཐོན་སྐྱེད་བྱེད་འགོ་ཚུགས་པ་ནས་བཟུང་། རིམ་རྩིས་བྱས་ན་རྒྱལ་ནང་དུ་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་300ལྷག་དྲངས་པ་དང་། ཉིན་རེའི་རང་བྱུང་སོལ་རླངས་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་6100བར་མཐོ་རུ་བཏང་ནས། བྱང་ཤར་དང་། ཧྭ་བྱང་། ཧྭ་ཤར་བཅས་ཀྱི་རང་བྱུང་སོལ་རླངས་མཁོ་སྤྲོད་འགན་ལེན་ནུས་པ་ཆེ་རུ་ཤུགས་ཆེན་བཏང་ཡོད་པ་རེད།  
    ཀྲུང་གོ་དང་ཨུ་རུ་སུའི་ཤར་ཐིག་དེ་བྱང་ནས་ཧེ་ལུང་ཅང་གི་ཧེ་ཧོ་ནས་འགོ་བརྩམས་པ་དང་། ལྷོ་རུ་ཧྲང་ཧའེ་བར་ཡིན་ཞིང་། དེ་ནི་རང་རྒྱལ་གྱི་སྣུམ་རླངས་འཐབ་ཇུས་བགྲོད་ལམ་ཆེ་གྲས་བཞིའི་གྲུབ་ཆ་གལ་ཆེན་ཞིག་རེད། ལམ་ཐིག་ཡོངས་ནི་དུམ་བུ་བྱང་མ་དང་། བར་མ། ལྷོ་མ་བཅས་སོ་སོར་ཕྱེ་ནས་འཛུགས་སྐྲུན་བྱས་ཡོད། དེའི་ནང་། 2019ལོའི་ཟླ་12ཚེས་2ཉིན་བྱང་མ་སྔོན་ལ་འཁོར་རྒྱུག་བྱས་པ་རེད། ཐོན་སྐྱེད་བྱེད་འགོ་ཚུགས་མ་ཐག་པའི་དུས་སུ། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཤར་རྒྱུད་དུ་ཉིན་རེར་རང་བྱུང་སོལ་རླངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་1500ཙམ་ཟིན་པ་དང་། ལོ་རེའི་རང་བྱུང་སོལ་རླངས་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་40ཙམ་མིན་མེད།
    2020ལོ་ནས་2022ལོའི་བར་ཀྲུང་ཨུའི་ཤར་ཐིག་ཁྲང་ལིང་ནས་ཡུང་ཆིང་བར་དང་། ཨན་ཕིང་ནས་ཐའེ་ཤིན་བར་གྱི་དུམ་བུ་སྔ་རྗེས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་པ་རེད། ད་བར། ཞི་པོ་ལི་ཡའི་ནུས་རྒྱུ་གཙང་མ་དེ་ཧེ་ཧོ་རྒྱལ་སྒོ་བརྒྱུད་ནས་ནང་འདྲེན་བྱས་ཏེ། བྱང་ཤར་ཞིང་ཆེན་གསུམ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ། པོ་ཧའེ་རྒྱ་མཚོའི་མཐའ་འཁོར་བཅས་བརྒྱུད་ཧྲང་ཧའེ་རུ་འབྱོར་ནས། ཨུ་རུ་སུའི་རང་བྱུང་སོལ་རླངས་ཧྲང་ཧའེ་རུ་ནང་འདྲེན་བྱས་པ་རེད། རང་རྒྱལ་གྱི་ཤར་རྒྱུད་མཚོ་རྒྱུད་ས་ཁུལ་གྱི་ཐོན་ཁུངས་སྙོམས་སྒྲིག་དང་ཕན་ཚུན་མཁོ་སྤྲོད་དང་ཕན་ཚུན་འགན་ལེན་གྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།
༄༅།།ཀྲུང་ཨུའི་བར་དུ་རང་བྱུང་སོལ་རླངས་གཏོང་འགོ་ཚུགས།