འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འབད་འཐབ་དམིགས་ཚད་གཞི་རྩར་བཟུང་། བྱ་གཞག་རླབས་ཆེན་གསར་པ་གཏོད།

—— གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་01ཉིན། 18:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདས་མ་ཐག་པའི་2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཏེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་སྲིད་དོན་མཛད་ཕྱོགས་ཆེ་མོ་གཏན་འབེབས་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་འགོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་ལམ་གསར་པར་གོམ་སྟབས་བརྟན་པོ་སྤོ་བ་བཅས་བྱས་ཡོད། ལོ་གཅིག་རིང་། རྒྱལ་སྤྱིའི་ཁོར་ཡུག་གི་དུས་བབ་ཛ་དྲག་པོ་དང་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྕི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་ངལ་ལ་མ་འཛེམས་པར་མདུན་དུ་བསྐྱོད་པ་དང་། རིམས་ནད་སྔོན་འགོག་དང་། དཔལ་འབྱོར་བརྟན་པོ། འཕེལ་རྒྱས་བདེ་འཇགས་བཅས་ཡོང་བར་བྱེད་དགོས་པའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་གཏོང་བ། ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་བཅས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་པོ་རྒྱུན་འཁྱོངས་བྱས་ཡོད། ལོ་ཧྲིལ་པོར་དཔལ་འབྱོར་རྒྱུན་མཐུད་འཕར་བ་དང་། ལས་ཞུགས་སྤྱིའི་ཆ་ནས་བརྟན་པ། ཟོག་གོང་བརྟན་པ། རྒྱལ་སྤྱིའི་གཏོང་ཡོང་གནས་ཚུལ་ཅུང་ལེགས་པ་བཅས་བྱུང་ཡོད། འབྲུ་རིགས་ཐོན་ཚད་ལོ་8བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་པ་དང་། འབྲུ་རིགས་ཀྱི་བདེ་འཇགས་དང་། ནུས་རྒྱུའི་བདེ་འཇགས། མི་དམངས་ཀྱི་འཚོ་བ་བཅས་འགན་སྲུང་ནུས་ལྡན་ཐུབ་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་ཡོད། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་མཉམ་གནས་ཀྱི་རྙོག་འཛིང་ཆེ་བའི་གནས་ཚུལ་འོག་སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་གྱི་རྡབ་རྡེག་དང་དཀའ་ངལ་གྱི་འགྲན་སློང་མང་པོའི་མདུན་དུ། ང་ཚོར་གྲུབ་འབྲས་འདི་འདྲ་ཐོབ་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན་པས། གཅེས་སྤྲས་ལྡབ་སྒྱུར་བྱེད་པར་འོས།
     དུས་རབས་གསར་པ་ཚུན་གྱི་ལོ་བཅུ་པོར་ཕྱིར་མིག་བལྟས་ཚེ། གྲམ་ཐང་སྒྲོལ་བའི་ཉེན་ཁ་དང་། གྱེན་ལ་འཛེག་པའི་དཀའ་ངལ། འགག་སྒྲོལ་གྱི་དཀའ་གནད་བཅས་ཕྲད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་རྒྱུན་གཏན་དང་སྤྱིར་བཏང་གཏན་ནས་མིན་པ་དང་ང་ཚོའི་ཕྲག་གི་ལྗིད་རྫོབ་དང་དཀའ་ཚེགས་ཆེ་བའི་ལས་འགན་ནི་འཛམ་གླིང་དང་ཐ་ན་ལོ་རྒྱུས་ཐོག་ཧ་ཅང་དཀོན་པ་རེད། དཔལ་འབྱོར་བརྟན་པོ་དང་འཕེལ་རྒྱས་ལ་སྐུལ་འདེད། དབུལ་པོ་ལས་བསྒྲལ་བ་དང་འབྱོར་འབྲིང་བསྐྲུན་པ། རིམས་ནད་ཚོད་འཛིན་དང་གནོད་འཚེ་ཆེན་པོ་འགོག་པ། འགྱུར་ལྡོག་ལ་ལ་ཁ་གཏད་གཅོག་པ་དང་ཉམས་ཉེན་སེལ་བ་ལ་སོགས་ལོ་བཅུའི་རིང་། ང་ཚོས་བལྟས་ན་སེལ་ཐབས་འབྲལ་བའི་དཀའ་གནད་དང་ཉེན་ཁ་གཅིག་མིན་གཉིས་མིན་ལས་བསྒྲལ་ཏེ་མི་རྣམས་ཀྱིས་ལྟ་སྟངས་གསར་པ་འཛིན་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་གཅིག་མིན་གཉིས་མིན་བཏོད་ནས་ཆབ་སྲིད་དང་། དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཀྱི་ཉམས་ཉེན་དང་། འགྲན་སློང་། ཉམས་སད་བཅས་ཐེག་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད།
     ལོ་བཅུའི་རིང་ཞུམ་མེད་མདུན་སྐྱོད་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་དེ་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་བཏིང་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ཕུགས་འདུན་འབྱོར་འབྲིང་མངོན་འགྱུར་བྱུང་བ་དང་། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་མ་ཟད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ཏན་ཏིག་བྱས་ནས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད། སྤྱི་ཡོངས་རང་བཞིན་གྱི་དོན་སྙིང་ལྡན་པའི་ཁུལ་ཁོངས་ཀྱི་འཐབ་ཇུས་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཅས་བཏང་བས། རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་བྱས་རྗེས་ངོ་མཚར་ཅན་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་བརྩམས་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་འཐུས་སྒོ་ཚང་བ་དང་། དེ་བས་འགན་ལེན་ཡོད་པ། དེ་བས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ནས་མིའི་རིགས་ལ་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་གདམ་ག་གསར་པ་མཁོ་འདོན་བྱས་ཡོད།
     ལོ་བཅུའི་རིང་དཔའ་ངར་ཆེར་བསྐྱེད་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱས་ཡོད། དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་བྱས་ཏེ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་དེ་བས་ལེགས་པར་གཏོད་པ། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་པས་སྤྱི་ཚོགས་ཡོངས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་ཕྱིན་ཞིང་། ཀྲུང་གོའི་མི་དམངས་མདུན་སྐྱོད་ཀྱི་སྒུལ་ཤུགས་དེ་བས་ཆེ་རུ་ཕྱིན་པ་དང་། འབད་འཐབ་ཀྱི་སྙིང་སྟོབས་དེ་བས་འཕེལ་བ། རྒྱལ་ཁ་འཐོབ་ངེས་ཀྱི་དད་སེམས་དེ་བས་བརྟན་དུ་ཕྱིན་ནས་ལོ་རྒྱུས་ཀྱི་རང་རྟོགས་དང་རང་འགུལ་གྱི་སྙིང་སྟོབས་ཆེན་པོར་བརྟེན་ཏེ་ཡིད་ཆེས་རབ་འཕེལ་གྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་རླབས་པོ་ཆེ་གཏོད་བཞིན་ཡོད།
     2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཡིན་པས། ང་ཚོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བློ་ལ་བཅངས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པར་བཏོན་པའི་དམིགས་ཚད་དང་ལས་འགན་བློ་བརྟན་འགྱུར་མེད་ཀྱིས་དོན་ཐོག་ཏུ་འཁྱོལ་བ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བྱ་གཞག་རླབས་པོ་ཆེ་གསར་པ་བཏོད་ནས་རྒྱལ་ཁ་དང་གཟི་བརྗིད་དེ་བས་རླབས་པོ་ཆེ་འཐོབ་པར་བྱེད་དགོས།
     འབད་འཐབ་ཀྱི་དམིགས་ཚད་གཞི་རྩར་བཟུང་བ་དང་བྱ་གཞག་རླབས་ཆེན་གསར་པ་གཏོད་པར། ང་ཚོས་ལོ་རྒྱུས་ཀྱི་རང་འགུལ་ཇེ་ཆེར་བཏང་སྟེ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། མདུན་སྐྱོད་ཀྱི་གོམ་སྟབས་རེ་རེ་ཚང་མ་འགན་ཤེས་ཁུར་ལེན་གྱི་དཀའ་ཚེགས་ཆེ་བའི་མདུན་སྐྱོད་ཅིག་ཡིན་པ་དང་། ཚང་མ་འགག་སྒྲོལ་དཀའ་སེལ་གྱིས་བཙན་འགག་དང་ཉེན་ཁ་ལས་སྒྲོལ་ཐབས་བྱེད་པ་ཡིན་པས། རྒྱལ་ཁ་ཐོབ་པའི་དབང་གིས་ང་རྒྱལ་གཏན་ནས་བྱ་མི་རུང་བ་དང་། གྲུབ་འབྲས་ཐོབ་པའི་དབང་གིས་སྒྱིད་ལུག་གཏན་ནས་བྱ་མི་རུང་ལ། དཀའ་ངལ་འཕྲད་པའི་དབང་གིས་ཕྱིར་བཤོལ་ཡང་གཏན་ནས་བྱ་མི་རུང་། གནས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་ནའང་འདྲ། ཡང་ན་འགྲན་རྩོད་དྲག་པོ་ཇི་ལྟར་འཕྲད་ཀྱང་རུང་། གང་ལྟར་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱས་ཏེ་བསམ་བློའི་སྟོབས་ཤུགས་ལ་བརྟེན་ནས་ཡར་བརྩོན་གྱི་སྟོབས་ཤུགས་འཕེལ་བ་དང་། རིགས་པའི་གཞུང་ལུགས་ཀྱི་རང་འགུལ་ལ་བརྟེན་ནས་ལོ་རྒྱུས་ཀྱི་རང་འགུལ་ལ་སྟངས་འཛིན་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ལ་རྒྱུན་ཆད་མེད་པར་ཞུན་བརྡར་བྱེད་པ། དཀའ་བ་ཁྱད་དུ་བསད་ནས་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཚེ། ང་ཚོས་ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཐུབ་ངེས་རེད།
     འབད་འཐབ་ཀྱི་དམིགས་ཚད་གཞི་རྩར་བཟུང་བ་དང་བྱ་གཞག་རླབས་ཆེན་གསར་པ་གཏོད་པར། ང་ཚོས་ཐེག་པ་ཁུར་ལེན་བྱེད་ཕོད་པ་དང་མཐུན་སྒྲིལ་འབད་འཐབ་ཀྱི་ཕུགས་འདུན་སེམས་སུ་བརྟན་པོ་འཆང་དགོས། མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཤུགས་རྒྱག་སར་ཤུགས་བརྒྱབ་ནས་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་གསར་གཏོད་ཀྱི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་དགོས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན། ཀུན་སེམས་གཅིག་སྒྲིལ་གྱི་སྟོབས་ཤུགས་རླབས་པོ་ཆེ་གཅིག་ཏུ་སྒྲིལ་བ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་འཇོག་པ། དམ་པ་དོན་གཉེར་དང་དང་དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ཚེ། ང་ཚོས་སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་ཐུབ་ངེས་རེད།
     ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཡིད་ཆེས་བརྟན་གཏོང་དང་། སེམས་ཤུགས་ཆེར་སྐྱེད། བབ་བསྟུན་འཕྲལ་སྒྲུབ། ངར་ཤུགས་སྒྲིམ་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།