འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕན་ཚུན་ལོ་གསར་གྱི་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་01ཉིན། 18:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕན་ཚུན་ལོ་གསར་གྱི་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཙུང་ལིས་ཕན་ཚུན་ལོ་གསར་གྱི་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་2022ལོའི་ཟླ་12ཚེས་31ཉིན་གློག་འཕྲིན་འབྱོར་གསལ། 2022ལོའི་ཟླ་12ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱིས་ཕན་ཚུན་ལོ་གསར་གྱི་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཙུང་ཐུང་ཕུའུ་ཅིང་དང་ཨུ་རུ་སུའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་པ་རེད། ཞི་ཅིན་ཕིང་གིས། 2022ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། འགྱུར་ལྡོག་མྱུར་བའི་རྒྱལ་སྤྱིའི་དུས་བབ་དང་རྒྱུན་མཐུད་མཆེད་པའི་གོ་ལ་ཧྲིལ་པོའི་རིམས་ནད་ཀྱི་མདུན་དུ་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ལོ་འདིའི་ནང་། ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་བརྟན་པོ་ཐེབས་པ་དང་། ནུས་རྒྱུ་དང་། མ་དངུལ། མཉམ་སྦྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨུ་རུ་སུའི་ལུས་རྩལ་སྤེལ་རེས་ལོ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ནས་རྒྱལ་ཁབ་གཉིས་པོའི་མང་ཚོགས་དབར་ཕན་ཚུན་རྒྱུས་མངའ་ཟབ་ཏུ་དང་སྲོལ་རྒྱུན་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས། འཆར་ཉེར་ཡོད་པའི་2023ལོ་ནི་ཀྲུང་གོས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཡིན་པ་དང་། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཡང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་སྲིད། ངས་ཙུང་ཐུང་ཕུའུ་ཅིང་དང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བསྟན་གནང་བ་རེད།
     ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་དབུས་ནས་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་མཛའ་གྲོགས་ལྡན་པའི་ཀྲུང་གོ་མི་དམངས་བདེ་སྐྱིད་ཁམས་བདེ་ཡོང་བའི་སྨོན་འདུན་ཞུས་པ་རེད། ཕུའུ་ཅིང་གིས། འདས་ཟིན་པའི་ལོ་གཅིག་ནང་། ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རྒྱུན་མཐུད་ཤུགས་སྣོན་ཐེབས་ནས་འཕེལ་རྒྱས་འགྲོ་ཕྱོགས་ཆེན་པོ་མངོན་པ་དང་ཕྱི་རོལ་འགྲན་སློང་གི་ཚོད་བགམ་ཐེག་ཡོད། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་གླེང་མོལ་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་རྒྱལ་མཚམས་སྒྲོལ་བའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལས་མཇུག་འགྲིལ་ཡོད། ཨུ་རུ་སུ་དང་ཀྲུང་གོའི་ལུས་རྩལ་སྤེལ་རེས་ལོ་བདེ་བླག་ངང་གཉེར་ནས་ཕྱོགས་གཉིས་པོའི་མི་ཆོས་རིག་གནས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཐུན་མོང་འབད་བརྩོན་བྱས་པ་བརྒྱུད་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཆུ་ཚད་གསར་པ་དེ་བས་མཐོ་བ་ཞིག་ཏུ་སླེབས་པར་བྱས་ནས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་ཕན་ཚུན་ལོ་གསར་གྱི་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད། ལི་ཁེ་ཆང་གིས། འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་ཟབ་ཏུ་ཕྱིན་པ་དང་། མི་ཆོས་རིག་གནས་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་སྤྱི་ཚོགས་དམངས་འདོད་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨུ་རུ་སུའི་ཙུང་ལིའི་དུས་བཀག་ཐུག་འཕྲད་ཐེངས་ཉེར་བདུན་པ་ལེགས་གྲུབ་ལྡན་པའི་ངང་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ངས་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་མཉམ་དུ་འབྲེལ་གཏུག་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཁ་ཡོད་ལག་ཡོད་གྲུབ་འབྲས་སྔར་ལས་མང་བ་འཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། སྨི་ཧྲུའུ་སི་ཅིང་གིས། ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པས། རྒྱལ་ཁབ་གཉིས་པོའི་ཙུང་ལིས་དུས་བཀག་ཐུག་འཕྲད་ཀྱི་སྒྲོམ་གཞིའི་འོག་བྱུང་བའི་ཐུན་མོང་གི་ངོས་འཛིན་ཁག་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བར་ཕན་པ་ཡོད་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།