འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གསེར་གོང་ཆེན་པོ་འཕར་བའི་རྒྱུ་རྐྱེན་ཅི་ཡིན་ནམ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་29ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ལུའུ་ཐུའོ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨེ་ཅིབ་ཀྱི་དངུལ་ལོར་ཨེ་ཅིབ་ཀྱི་པང་ཟམ་མི་ཆད་པར་ཉམས་ཞན་དུ་འགྲོ་བཞིན་ཡོད་པས།  ཉེ་ཆར་ཨེ་ཅིབ་ཀྱི་གསེར་གོང་འཕར་བའི་རྣམ་པ་མངོན་ཞིང་། ཟླ་འདིའི་སྐབས་ཤིག་རིང་། རྒྱལ་ཁབ་དེའི་རྒྱལ་ནང་གི་གསེར་གྱི་རིན་གོང་གི་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད་པ་རེད།   
    ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨེ་ཅིབ་ཚོང་ཚོགས་མཉམ་འབྲེལ་ལྷན་ཚོགས་གསེར་སྡེ་ཁག་གི་གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་འདིར་21Kཡི་གསེར་གྱི་ཁྲོམ་རའི་རིན་གོང་དེ་སྐབས་ཤིག་རིང་ཁེ་རེར་ཨེ་ཅིབ་ཀྱི་པང་1800ལྷག་ཙམ་ཟིན། མི་དམངས་ཤོག་སྒོར་507.24ཙམ་ཡིན་ཞིང་། ཨེ་ཅིབ་རྒྱལ་ནང་གི་གསེར་གོང་མཐོ་ཤོས་ཀྱི་ལོ་རྒྱུས་ལ་སླེབས་ཀྱི་ཡོད་པ་རེད། ས་གནས་དེ་གའི་དུས་ཚོད་ཚེས་27ཉིན་བར། 21Kཡི་གསེར་གོང་དེ་ཁེ་རེར་ཨེ་ཅེབ་པང་1262.30ལ་ཆག དེ་མི་དམངས་ཤོག་སྒོར་སྒོར་355.71ཙམ་ཡིན་མོད། འོན་ཀྱང་དེ་ལོ་གཅིག་གོང་གི་ཁེ་རེའི་རིན་གོང་ཨེ་ཅིབ་ཀྱི་པང་674ཡིན་པ་ལས་མཐོ་བ་ཡོད།
    ཨེ་ཅིབ་ཚོང་ཚོགས་མཉམ་འབྲེལ་ལྷན་ཚོགས་གསེར་སྡེ་ཁག་གི་འགན་འཁུར་བས། གསེར་གྱི་རིན་གོང་མཐོ་རུ་ཕྱིན་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་འདི་ལོའི་ཟླ་3པ་ནས་བཟུང་ཨེ་ཅིབ་དངུལ་ཁང་གིས་ནང་འདྲེན་དངོས་ཟོག་ལ་ངེས་པར་དུ་“ཡིད་རྟོན་ལག་ཁྱེར་”ཐོག་ནས་གཏོང་སྤྲོད་བྱེད་དགོས་པའི་གཏན་འབེབས་བྱས་པར་བརྟེན། ནང་འདྲེན་གྱི་འགྲོས་ཇེ་དལ་དུ་ཕྱིན་ཞིང་ནང་འདྲེན་ཚོང་ཟོག་མང་པོ་ཞིག་གྲུ་ཁར་ཕུང་གསོག་ཐེབས་ནས་གཏོང་སྤྲོད་བྱེད་ཐབས་བྲལ་བར་གྱུར་པས། ནང་འདྲེན་ཚོང་པས་ཨེ་ཅིབ་ཀྱི་པང་གིས་རྩིས་རྒྱག་པའི་གསེར་ཉོས་ནས་ཕྱི་རྒྱལ་དུ་ཨ་སྒོར་ལ་བརྗེ་ཐབས་བྱས་པ་དང་འབྲེལ་བ་ཡོད་ཟེར། 
    གཞན་ཡང་། འདི་ལོ་ནས་བཟུང་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱིས་དྲག་སྐྱོད་སྐྱེད་སྣོན་སྲིད་ཇུས་ལག་ལེན་བསྟར་བས་ཨ་སྒོར་གྱི་སྟོན་གྲངས་མུ་མཐུད་མཐོ་རུ་ཕྱིན་པ་དང་། ཨེ་ཅིབ་ཀྱི་པང་གི་རིན་ཐང་ལྟོས་བཅས་ཀྱིས་52%ཆག་པ་རེད། དབྱེ་ཞིབ་མི་སྣས་ཨེ་ཅིབ་ཀྱི་པང་རྒྱུན་ཆད་མེད་པར་ཆག་པས་ཨེ་ཅིབ་དམངས་ཚོགས་ཀྱིས་གསེར་ཉོས་ཏེ་རིན་ཐང་བརྟན་སྲུང་ཉེན་གཡོལ་ཡོང་ཐབས་བྱེད་ཀྱི་ཡོད་ཟེར།