འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ཀྱིས་བུད་མེད་དང་བྱིས་པ་འཕེལ་རྒྱས་གཏོང་བའི་འཆར་འགོད་གཉིས་སྤེལ་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་28ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ཀྱིས་བུད་མེད་དང་བྱིས་པ་འཕེལ་རྒྱས་གཏོང་བའི་འཆར་འགོད་གཉིས་སྤེལ་འདུག
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། 2021ལོ་ནས་2025ལོའི་བར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་གཏོང་བའི་འཆར་འགོད་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད། 
ཡོངས་བསྒྲགས་ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་འཕེལ་རྒྱས་གཏོང་བའི་འཆར་འགོད(2021ལོ་ནས་2025ལོ་བར)》དང《བོད་རང་སྐྱོང་ལྗོངས་ཀྱི་བྱིས་པ་འཕེལ་རྒྱས་གཏོང་བའི་འཆར་འགོད(2021ལོ་ནས་2025ལོ་བར)》ཁྱབ་བསྒྲགས་བྱས་པ་རེད། 
   ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་། རིམ་པ་དང་པོའི་སྐོར་ཞིབ་པ། བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་སང་གིས། 2021ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་སྤྱིའི་མི་འབོར་ཁྲི་366ནང་། བུད་མེད་ཁྲི་174ཡོད་པ་དེས་47.81%ཟིན་ཞིང་། བྱིས་པ(ལོ་0ནས་14བར)མི་ཁྲི་90ཡོད་པ་དེས་24.59%ཟིན་ཡོད། བུད་མེད་དང་བྱིས་པའི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་ངོ་སྤྲོད་བྱས། 
    འཆར་འགོད་དེ་གཉིས་ལས་བུད་མེད་འཕེལ་རྒྱས་གཏོང་བའི་འཆར་འགོད་ནང་བདེ་ཐང་དང་། སློབ་གསོ། དཔལ་འབྱོར། ཐབས་ཇུས་དང་དོ་དམ། སྤྱི་ཚོགས་འགན་སྲུང་། ཁྱིམ་ཚང་འཛུགས་སྐྱོང་། ཁོར་ཡུག བཅའ་ཁྲིམས་བཅས་ཁྱབ་ཁོངས་8བཀོད་སྒྲིག་བྱས་ནས། དམིགས་འབེན་གཙོ་བོ་79དང་ཐབས་ཇུས་བྱ་ཐབས་98བཏོན་ཡོད་པ་རེད། བྱིས་པའི་འཕེལ་རྒྱས་གཏོང་བའི་འཆར་འགོད་ནང་། བདེ་ཐང་དང་། བདེ་འཇགས། སློབ་གསོ། ཕན་བདེ། ཁྱིམ་ཚང་། ཁོར་ཡུག བཅའ་ཁྲིམས་བཅས་ཁྱབ་ཁོངས་7བཀོད་སྒྲིག་བྱས་པ་དང་། དམིགས་འབེན་གཙོ་བོ་74དང་ཐབས་ཇུས་བྱ་ཐབས་91བཏོན་ཡོད།
    ལི་སང་གིས། རེས་སྐོར་གོང་མའི་འཆར་འགོད་དང་བསྡུར་ན་འཆར་འགོད་དེས་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་ཐུབ་ཡོད་ལ་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་གསར་པའང་ལྡན་ཡོད། འཆར་འགོད་གཉིས་ཀྱི་ནང་དུ་ད་དུང་“ལོ་ཚད་ལོན་པའི་བུད་མེད་ཀྱི་མངལ་སྐེའི་འབྲས་སྐྲན་མི་ཚོགས་ལ་འཚག་བཤེར་བྱེད་ཚད་70%ཡན་ཟིན་པ་དང་། ནུ་སྐྲན་གྱི་མི་ཚོགས་འཚག་བཤེར་བྱེད་ཚད་རིམ་བཞིན་ཇེ་མཐོར་སོང་ཡོད”“HPVརིམས་འགོག་སྨན་ཁབ་རྒྱག་པ་དང་། མངལ་སྐེའི་འབྲས་སྐྲན་འཚག་བཤེར་བྱེད་པ། སྨན་བཅོས་དང་སྲོག་སྐྱོབ་ཕན་ཚུན་འབྲེལ་མཐུད་བྱེད་པའི་མངལ་སྐེའི་འབྲས་སྐྲན་གྱི་རིམ་གསུམ་ཕྱོགས་བསྡུས་འགོག་བཅོས་བྱེད་ཐབས”ཀྱི་དམིགས་འབེན་ལས་འགན་བཏོན་པ་མ་ཟད། 2022ལོའི་བོད་ཀྱི་དམངས་འཚོའི་བྱ་བ་དངོས་ཁག་38ནང་བུད་མེད་ཀྱི“སྐྲན་གཉིས”འཚག་བཤེར་དང་སྨན་བཅོས་དང་ལོ་13ནས་14བར་གྱི་སློབ་གྲྭར་ཡོད་པའི་བུ་མོར་HPVརིམས་འགོག་སྨན་ཁབ་རྒྱག་པ་དང་། ལོ་60ཡན་གྱི་རྒན་རྒོན་དང་དེ་བཞིན་སློབ་གྲྭར་ཡོད་མུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་རང་མོས་ངང་རིན་མེད་ཐོག་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཁག་གཉིས་དམངས་འཚོའི་བྱ་བ་དངོས་ནང་བཅུག་ཡོད་པར་བཤད།